ཨ་རིའི་ཕྱུག་བདག་ཅིག་ལ་རྒྱ་ནག་གི་ལས་དོན་མི་སྣ་ཡིན་པའི་ཁྲིམས་གཏུག་བྱས་འདུག 

ཨ་རིའི་ཁྲིམས་དོན་ལས་ཁང་གིས་རྒྱལ་ཁབ་དེའི་ཕྱུག་བདག་གཅིག་གིས་རྒྱ་ནག་གཞུང་གི་ཆེད་དུ། ཨ་རིའི་ནས་རྒྱ་ནག་གི་མི་སེར་གཅིག་ཕྱིར་སྤྲོད་བྱེད་ཆེད་དུ་ཞུ་གཏུག་ལས་དོན་བྱས་ཡོད་པའི་ཉེས་འཛུགས་བྱས་ཏེ། ཁྲིམས་དོན་ལས་ཁང་ནས་ཁོང་ལ་རྒྱ་ནག་གི་ལས་དོན་མི་སྣ་ཡིན་པའི་དེབ་སྐྱེལ་བྱེད་དུ་བཅུག་དགོས་སྐོར་བརྗོད་འདུག 

ཟླ་༥ པའི་ཚེས་༡༨ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨ་རིའི་ཁྲིམས་དོན་ལས་ཁང་གིས་རྒྱལ་ཁབ་དེའི་ནང་གི་རྒྱན་རྩེད་ཁང་དང་མགྲོན་ཁང་སོགས་མང་པོ་ཞིག་གི་བདག་པོ་ཕྱུག་བདག་སཱི་ཀྲིཝ་ཝེན་(Steve Wynn )ལ། ཕྱི་ལོ་༢༠༡༨ ལོའི་ཟླ་༥ པ་དང་། ཕྱི་ལོ་༢༠༢༡ ལོའི་ཟླ་༡༠ པ། དེ་བཞིན་ཕྱི་ལོ་༢༠༢༢ ལོའི་ཟླ་༤ པ་བཅས་ནང་དུ་རང་ཉིད་རྒྱ་ནག་གི་ལས་དོན་མི་སྣ་ཡིན་པའི་དེབ་སྐྱེལ་བྱེད་དགོས་པའི་འགན་ཡོད་སྐོར་གྱི་ཡི་གེ་བཏང་ཡང་། ད་བར་ཁོས་དེ་ལྟར་བྱས་མེད་པས། ད་ཆ་ཁྲིམས་ཁང་ནས་ཁོང་ལ་དེ་ལྟར་བྱེད་དགོས་པའི་བཀའ་བཏང་དགོས་སྐོར་བརྗོད་ནས་ཁྲིམས་གཏུག་བྱས་ཡོད་པ་རེད། 

དེ་ཡང་ཨ་རིའི་ཁྲིམས་ཞིབ་ལས་ཁང་གིས་བརྗོད་དོན་ལྟར་ན། མ་མཐའ་ཡང་ཕྱི་ལོ་༢༠༡༧ ལོའི་ཟླ་༦ པ་ནས་ཟླ་༨ པ་བར་དུ་ཕྱུག་བདག་ཝེན་གྱིས་རྒྱ་ནག་དབུས་གཞུང་གི་བདེ་སྲུང་ལས་ཁང་གི་མཐོ་རིམ་ལས་བྱེད་སཱན་དང་རྒྱ་ནག་དབུས་གཞུང་གི་ཚབ་བྱས་ཏེ། ཨ་རིའི་སྲིད་འཛིན་ཊོམ་དང་ཨ་རིའི་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་ཁག་ཅིག་ལ། ཨ་རིའི་ནང་དུ་སྐྱབས་བཅོལ་ཞུ་ཐབས་བྱེད་བཞིན་པའི་རྒྱ་ནག་གི་མི་སེར་ཞིག་རྒྱ་ནག་ལ་ཕྱིར་སྤྲོད་དགོས་པའི་རེ་སྐུལ་བྱས་ཡོད་འདུག་ཀྱང་། ཕྱིས་སུ་ལས་དོན་དེར་གྲུབ་འབྲས་ཐོན་མེད་པ་རེད་འདུག 

དེ་ཡང་ཐོག་མར་ཕྱི་ལོ་༢༠༢༠ ལོར་རྒྱ་ནག་གཞུང་གི་ཚབ་ཏུ་ལས་དོན་སྤེལ་བར་ཉེས་འཛུགས་བྱས་ཏེ་ངོས་ལེན་བྱེད་མཁན་བྷེ་རོ་ཌེ་(Broidy) ཡིས། ཕྱུག་བདག་ཁོང་དང་རྒྱ་ནག་གི་མཐོ་རིམ་ལས་བྱེད་སཱན་ཞེས་པ་གཉིས་བར་ལན་བསྐྱལ་རོགས་བྱས་ཏེ། ཕྱིས་སུ་ཕྱུག་བདག་ཁོང་དང་སཱན་གཉིས་བར་སྐད་ཆ་མང་པོ་བཤད་ཡོད་ཁར། ཕྱུག་བདག་ཁོང་གིས་སཱན་ལ་རྒྱ་ནག་ཏུ་རང་ཉིད་ཚོང་རྒྱག་འདོད་ཡོད་པའི་སྐད་ཆ་བཤད་ཡོད་འདུག་ལ། སཱན་གྱིས་ཕྱུག་བདག་ཁོང་གིས་རྒྱ་ནག་གི་མི་སེར་དེ་རྒྱ་ནག་ཏུ་ཕྱིར་སྤྲོད་ཡོང་ཐབས་སུ། ཨ་རིའི་སྲིད་འཛིན་ཊོམ་དང་མཐོ་རིམ་ལས་བྱེད་གཞན་ལ་ཞུ་གཏུག་བྱས་པར། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་རྗེས་སུ་ཡི་རངས་ཞུ་ཡི་ཡོད་སྐོར་བརྗོད་མྱོང་ཡོད་འདུག 

ཕྱུག་བདག་ཝེན་གྱི་ཁྲིམས་རྩོད་པས་བརྗོད་དོན་ལྟར་ན། ཁོང་གིས་རྒྱ་ནག་གཞུང་གི་ལས་དོན་མི་སྣའི་ངོ་བོའི་ཐོག་ནས་ལས་དོན་སྤེལ་མྱོང་མེད་པས། ཕྱིའི་རྒྱལ་ཁབ་གཅིག་གི་ལས་དོན་མི་སྣ་ཡིན་པའི་དེབ་སྐྱེལ་བྱེད་དགོས་པའི་ལས་འགན་མེད་སྐོར་བརྗོད་འདུག 

ཕྱི་ལོ་༢༠༢༠ ལོའི་ཟླ་༢ པའི་ནང་ཨ་རིའི་གཞུང་གིས་ཨ་རིའི་ནང་ཡོད་པའི་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་རྣམས། རྒྱ་ནག་དམར་ཤོག་ཚོགས་པའི་ལས་དོན་སྒྲུབ་མཁན་ཡིན་པར་ངོས་འཛིན་གྱིས། ཕྱིའི་རྒྱལ་ཁབ་ཁག་གི་གཞུང་ཚབ་མི་སྣ་རྣམས་ལ་ཡོད་པའི་ཁྲིམས་ལག་བསྟར་བྱེད་རྒྱུའི་གསལ་བསྒྲགས་བྱས་ཡོད་པ་དང་། དེ་ཡང་ལོ་མང་རིང་ཨ་རིའི་ནང་ཡོད་པའི་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་གི་ལས་ཁང་ཚོས། གསར་འགོད་ལས་རིགས་ལ་འཇུག་གི་ཡོད་པའི་ངོ་བོའི་ཐོག་ནས་ཕྱིན་ཡོད་ཀྱང་། ཉེ་བའི་ལོ་ཤས་རིང་ནས་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་རྒྱ་ནག་གི་འཇམ་པོའི་ནུས་སྟོབས་དང་། གསང་བའི་ལས་དོན་ཤུགས་ཆེ་རུ་གཏོང་གི་ཡོད་པའི་གནས་ཚུལ་མང་པོ་ཐོན་བཞིན་པའི་སྐབས་དེར། ཨ་རིའི་གཞུང་གིས་ཨ་རིར་ཡོད་པའི་རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་ཁག་གི་ལས་ཁང་རྣམས། རྒྱ་ནག་དམར་ཤོག་ཚོགས་པའི་ལས་དོན་སྒྲུབ་མཁན་ལ་ངོས་འཛིན་བྱེད་རྒྱུ་ཡིན་པས། ལས་ཁང་དེ་ཚོར་ཕྱིའི་རྒྱལ་ཁབ་ཁག་གི་གཞུང་ཚབ་ཀྱི་ལས་བྱེད་ལ་ཡོད་པའི་ཁྲིམས་ལག་བསྟར་བྱེད་རྒྱུའི་གསལ་བསྒྲགས་བྱས་ཡོད་འདུག དེ་ཡང་དཔྱད་བརྗོད་པ་ཁག་ཅིག་གིས་ཐག་གཅོད་དེ་ནི་ཨ་རིའི་ནང་རྒྱ་ནག་གཞུང་གི་དྲིལ་བསྒྲགས་ལས་འགུལ་གྱི་ཤུགས་རྐྱེན་ཆུང་དུ་གཏོང་བའམ་འགོག་ཐབས་བྱེད་པ་ཡིན་སྐོར་བརྗོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།