ཨ་རིའི་བདེ་འཇགས་ཆེད་ཐོངས་མཆན་ལས་རིམ་ལ་སྟངས་འཛིན་བྱེད་འཆར།
ཨ་རིའི་གྲོས་ཚོགས་འོག་མས་ཨ་རིའི་ནང་དུ་ཐོངས་མཆན་མི་དགོས་པར་འགྲུལ་བཞུད་ཆོག་པའི་ལས་རིམ་(visa waiver programme) ལ་སྟངས་འཛིན་དམ་དུ་གཏོང་རྒྱུའི་ཁྲིམས་འཆར་ལ་མང་མོས་ཐག་གཅོད་བྱུང་འདུག
ཉེ་ཆར་ཡུ་རོབ་ཧྥ་རན་སིའི་རྒྱལ་སར་ཁ་ཆེ་དྲག་སྤྱོད་པའི་མི་གསོད་ཁྲག་སྦྱོར་བྱས་པའི་རྗེས་སུ། ཡུ་རོབ་དང་ཨ་རི། དེ་བཞིན་འཛམ་གླིང་ཡུལ་གྲུ་མང་པོར་བདེ་འཇགས་ཀྱི་ལས་འགུལ་གསར་པ་མང་པོ་བྱེད་བཞིན་ཡོད་ཁར། དེ་སྔོན་ཨ་རིའི་ཐོངས་མཆན་མི་དགོས་པར་འགྲུལ་བཞུད་ཆོག་པའི་ལས་རིམ་ནང་རྒྱལ་ཁབ་༣༨ ཡི་ཡུལ་མི་ཚོ་ཐོངས་མཆན་ཞུ་མི་དགོས་པར། ཨ་རིའི་ནང་དུ་འགྲུལ་བཞུད་བྱེད་ཆོག་གི་ཡོད་པ་རེད་དེ། ཐེངས་འདིར་གྲོས་ཚོགས་འོག་མའི་ནང་ལས་རིམ་དེར་སྟངས་འཛིན་དམ་དུ་གཏོང་དགོས་པར་མང་མོས་རྒྱབ་སྐྱོར་བྱུང་འདུག
གྲོས་ཚོགས་འོག་མའི་ཚོགས་མི་༤༠༧ ཡིས་ཁྲིམས་འཆར་དེར་རྒྱབ་སྐྱོར་བྱས་པ་དང། ཨ་རིའི་ཨོ་བྷ་མའི་གཞུང་གིས་ཀྱང་དེ་ལ་རྒྱབ་སྐྱོར་བྱས་འདུག
ཁྲིམས་འཆར་དེའི་ནང་ཕྱི་ལོ་༢༠༡༡ ཟླ་༣ པའི་རྗེས་སུ་ཁ་ཆེའི་ལུང་པ་ཨི་རག་དང་སི་རི་ཡ་ལ་འགྲོ་མྱོང་མཁན་དང། ཁ་ཆེ་དྲག་སྤྱོད་པར་རྒྱབ་སྐྱོར་བྱེད་མཁན་གྱི་ལུང་པ་ཨི་རན་དང་སུ་དྷན་ལ་འགྲོ་མྱོང་མཁན་རྣམས། ཨ་རིར་ཡོང་བར་ཐོངས་མཆན་ཞུ་དགོས་པ་གསལ་འདུག
ཨ་རིའི་གཞུང་གིས་ཡུ་རོབ་ཀྱི་མི་སེར་དང་ཨ་རིར་ཡོང་བར་ཐོངས་མཆན་མི་དགོས་པའི་ལུང་པ་༣༨ ཡི་མི་སེར་༥༠༠༠ ཙམ་སི་རི་ཡར་ཁ་ཆེ་དྲག་སྤྱོད་པའི་དམག་མིར་འཛུལ་བར་ཕྱིན་ཡོད་པས། དེ་ཚོའི་རིགས་ཨ་རིར་ཡོང་ན་བདེ་འཇགས་ཀྱི་ཉེན་ཁ་ཡོད་ཚུལ་འགྲེལ་བརྗོད་བྱས་འདུག
གལ་ཏེ་ཁྲིམས་འཆར་དེ་གྲོས་ཚོགས་གོང་མའི་ནང་མང་མོས་རྒྱབ་སྐྱོར་ཐོབ་ནས་ཁྲིམས་ལ་གཏན་འབེབས་བྱུང་ཚེ། ཕྱི་ལོ་༢༠༡༦ ལོའི་ཟླ་༤ པ་ནས་ཨ་རིར་ཡོང་མཁན་རྒྱལ་ཁབ་༣༨ ནང་ཚུད་པའི་མི་སེར་ཚོ་ཕྱི་སྐྱོད་ལག་ཁྱེར་ཐོག་རང་ཉིད་ཀྱི་གནས་བསྡུས་རེའུ་མིག་(Biometric Data) འཁོད་དགོས་པའི་ཁྲིམས་ཆགས་རྒྱུ་ཡིན་འདུག
ཕྱི་ལོ་༡༩༨༦ ལོར་ཨ་རིའི་གྲོས་ཚོགས་ཀྱིས་ཡུལ་སྐོར་སྤྲོ་འཆམ་དང་ཚོང་ལས་གོང་འཕེལ་ཆེད། ཐོངས་མཆན་མི་དགོས་པར་འགྲུལ་བཞུད་ཆོག་པའི་ལས་རིམ་དེ་གཏན་འབེབས་བྱས་ཡོད་པ་དང། དེ་ཡང་ལས་རིམ་དེའི་ནང་ཚུད་པའི་རྒྱལ་ཁབ་ཁག་གི་ཡུལ་མི་རྣམ། ཨ་རིར་ཉིན་༩༠ རིང་ཐོངས་མཆན་མ་དགོས་པར། ཡུལ་སྐོར་སྤྲོ་འཆམ་དང་ཚོང་ལས་ཀྱི་ཆེད་དུ་གནས་སྡོད་བྱེད་ཆོག་གི་ཡོད་པ་རེད། རྒྱལ་ཁབ་༣༨ དེ་དག་ཕལ་ཆེ་བ་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཡིན་འདུག
གསར་འགོད་པ་སྐལ་བཟང་དོན་གྲུབ།