ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པས་དྲ་ཐོག་ནས་༧གོང་ས་མཆོག་དང་མཇལ་མོལ་ཞུས།
ཟླ་༡ པོའི་ཚེས་༡༣ ཉིན་ལ། ལས་ཡུན་རྫོགས་ལ་ཉེ་བའི་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་(Robert A. Destro) དང་ཕྱི་སྲིད་ལས་ཁུངས་ནས་ཁོང་གི་ལས་རོགས་རྣམས་ཀྱིས། ༧གོང་ས་མཆོག་དང་དྲ་ཐོག་བརྒྱུད་ནས་མཇལ་མོལ་ཞུས་འདུག་པ་དང་། དེ་བཞིན་ཉིན་གཅིག་སྔོན་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་བཀའ་བློན། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་དང་རྒྱུན་ལས་བཅས་རྣམས་དང་དྲ་ཐོག་བརྒྱུད་བཀའ་མོལ་གནང་ཡོད་པ་རེད་འདུག
དེ་ཡང་ཚེས་༡༢ ཉིན་བོད་དོན་དམིགས་བསལ་འབྲེལ་མཐུད་པས། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་བོད་མིའི་ངོ་བོ་སྲུང་སྐྱོབ་བྱེད་ཐབས་སུ་རྒྱབ་སྐྱོར་ཤུགས་ཆེན་གནང་གི་ཡོད་པ་དང་། མི་འགྱངས་བར་ཁོང་གི་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ལས་ཡུན་རྫོགས་ཀྱི་ཡོད་ནའང་། ཁོང་གིས་བོད་དོན་ཀྱི་ཕྱག་ལས་མུ་མཐུད་གནང་རྒྱུ་ཡིན་སྐོར། དེ་བཞིན་ཨ་རི་གཞུང་གིས་བོད་ནང་འགྲོ་འོང་འདྲ་མཉམ་གྱི་ཁྲིམས་གཞི་གཏན་འབེབ་བྱས་ཡོད་པ་བཞིན། ཁོང་གིས་རྒྱལ་ཁབ་མང་པོར་གཅིག་མཚུངས་ཀྱི་ཁྲིམས་གཞི་གཏན་འབེབས་བྱེད་དགོས་པའི་འབོད་སྐུལ་ཞུས་ཡོད་པ་དང་། དེ་བཞིན་ཉེ་ཆར་མཇུག་སྒྲིལ་ཟིན་པའི་བཙན་བྱོལ་བོད་མིའི་སྔོན་འགྲོའི་འོས་བསྡུའི་ལས་རིམ་ལ་བསྔགས་བརྗོད་དང་སྦྲགས། འོས་བསྡུའི་ལས་རིམ་ནི་མང་གཙོའི་སྤྱི་ཚོགས་ཁྲོད་མང་ཚོགས་ཀྱི་མངོན་འདོད་མཚོན་པའི་ལས་གཞི་གལ་ཆེ་ཞིག་ཡིན་པ། རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་ཕྱོགས་ཀྱི་ལས་དོན་ལ་ཐེ་བྱུས་དང་ལྷག་དོན་བོད་ཀྱི་ནང་ཆོས་འདི་རྒྱ་ནག་གི་རྣམ་པ་ཅན་དུ་བསྒྱུར་ཐབས་སོགས་བྱེད་བཞིན་པའི་སྐབས་འདིར་ཚང་མས་གདོང་ལེན་གནང་དགོས་ཞེས་སོགས་གསུངས་ཡོད་པ་རེད་འདུག
སྲིད་སྐྱོང་བློ་བཟང་སེང་གེས་ཨ་རིའི་གཞུང་གིས་སྐུ་ཞབས་ཁོང་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་བཞག་གནང་པ་དེ་ནི་ཨ་རི་གཞུང་གིས་བོད་དོན་དང་བོད་མི། ཁྱད་པར་དུ་གཞིས་ལུས་བོད་མི་ས་ཡ་དྲུག་ལ་རྒྱབ་སྐྱོར་ཡོད་པའི་རྣམ་པ་ཤུགས་ཆེན་ཞིག་བསྟན་པ་ཡིན་པ་དང་། བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཁོང་གཙོས་པའི་ལས་རོགས་རྣམས་ཀྱིས། དུས་ཐུང་ཟླ་བ་བཞི་ཙམ་གྱི་ནང་དུ་བོད་ཀྱི་གནད་དོན་དང་འབྲེལ་བའི་དྲ་ཐོག་ལས་རིམ་མི་ཉུང་བ་ཞིག་གི་ནང་མཉམ་ཞུགས་གནང་སྟེ་བོད་དོན་སྐོར་འཛེམས་ཟོན་མེད་པར་བཀའ་མོལ་གནང་བར་བཀའ་དྲིན་ཆེ་ཞུས་འདུག
དེ་བཞིན་སྐབས་དེར་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་ཀྱིས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་སོགས་ངོ་སྤྲོད་གནང་འདུག་པ་དང་། སྤྱི་འཐུས་ཚོགས་གཞོན་མཆོག་གིས་སྐུ་ཞབས་ཁོང་གིས་དེ་སྔ་བོད་རྒྱ་གྲོས་མོལ་སླར་གསོ་ཡོང་ཐབས་སུ་འབད་བརྩོན་གནང་གི་ཡིན་ཞེས་གསུངས་པར་ཐུགས་རྗེ་ཆེ་ཞེས་ཞུས་ཡོད་འདུག
ལོ་སྔོན་མའི་ཟླ་༡༠ ཚེས་༡༤ ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་མེག་པོམ་པེ་ཡིས། ཕྱི་སྲིད་ལས་ཁང་གི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། ངལ་རྩོལ་ལས་དོན་ཚན་པའི་དྲུང་ཆེའི་ལས་རོགས་སྐུ་ཞབས་རོ་བྷེར་ཊི་ཌེ་སི་ཊི་རོ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་གཞག་གནང་བའི་གསར་འགོད་གསལ་བསྒྲགས་སྤེལ་ཡོད་པར། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་མང་པོས་དགའ་བསུ་ཞུས་ཡོད་པ་རེད་དེ། ཚེས་༡༥ ཉིན་རྒྱ་ནག་གི་ཕྱི་སྲིད་ལས་ཁང་མགྲིན་ཚབ་པས། ཨ་རིའི་བྱེད་སྟངས་དེ་ནི་ཆབ་སྲིད་ཀྱི་གཡོ་བྱུས་ཤིག་ཡིན་པ་དང་། བོད་ནང་བརྟན་ལྷིང་མེད་པ་བཟོ་འདོད་ཡོད་པ་ཡིན་སྐོར་གྱི་སྐྱོན་བརྗོད་བྱས་ཡོད་པ་རེད། ཚེས་༡༦ ཉིན་སྲིད་སྐྱོང་བློ་བཟང་སེང་གེ་དང་དམིགས་བསལ་འབྲེལ་མཐུད་པ་ཁོང་གཉིས་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་ཐུག་འཕྲད་གནང་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།