ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་དང་ཨ་རིའི་སྲིད་འཛིན་གྱི་ཕྱག་རོགས་རྣམ་གཉིས་ནས་༧གོང་ས་མཆོག་ལ་མཇལ་བཅར་ཞུས།

ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲྭ་བའི་པར།

ཁ་སང་ཨ་རི་ནིའུ་ཡོག་གྲོང་ཁྱེར་དུ་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨུ་ཛི་རཱ་ཛེ་ཡ་ (Uzra Zeya ) དང་། ཨ་རིའི་སྲིད་འཛིན་གྱི་དམིགས་བསལ་ཕྱག་རོགས་དང་། མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འགན་འཛིན་ལྕམ་སྐུ་ཁེ་ལི་རཱ་ཛུཀ( Kelly Razzouk) རྣམ་གཉིས་མཇལ་བཅར་ཞུས་ཡོད་འདུག 

དེ་ཡང་ཕྱི་ཟླ་ ༨ པའི་ཚེས་ ༢༡ ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲྭ་རྒྱའི་ཐོག་གནས་ཚུལ་བཀོད་དོན། ཁ་སང་ཕྱི་ཚེས་༢༡ ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མི་སེར་བདེ་འཇགས་དང་། མང་གཙོ། འགྲོ་བ་མིའི་ཐོབ་ཐང་ཆེད་ཀྱི་དྲུང་ཆེ་གཞོན་པ་དང་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨུ་ཛི་རཱ་ཛེ་ཡ་ནིའུ་ཡོག་ཏུ་ཆེད་ཕེབས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་འཕྲད་ཞུས་ཡོད་པ་དང་། ཁོང་མོ་དང་མཉམ་དུ་ཨ་རིའི་སྲིད་འཛིན་གྱི་དམིགས་བསལ་ཕྱག་རོགས་དང་རྒྱལ་ཡོངས་བདེ་འཇགས་ལྷན་ཁང་གི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་གྱི་འགན་འཛིན་གཞོན་པ་ལྕམ་ཁེ་ལི་བཅས་ལྷན་བཅར་ཞུས་ཡོད་འདུག་པ་དང་། 

དེ་བཞིན་མཇལ་འཕྲད་སྐབས་ཁོང་མོས་སྲིད་འཛིན་བྷ་ཌན་གྱི་ཚབ་ཞུས་ཏེ་༸གོང་ས་མཆོག་གི་སྐུ་གཟུགས་བདེ་ཐང་ལ་འཚམས་འདྲི་ཞུས་པ་དང་སྦྲགས། བོད་མིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་ལོ་རྒྱུས། སྐད་ཡིག རིག་གཞུང་། ཆོས་ལུགས་བཅས་མི་ཉམས་རྒྱུན་འཛིན་གྱི་ཆེད་ཨ་རིས་རྒྱབ་སྐྱོར་བྱེད་རྒྱུར་ཁས་ལེན་བསྐྱར་ནན་བྱས་ཡོད་པར་བརྗོད། དྲུང་ཆེ་གཞོན་པ་ཛེ་ཡ་ཡིས་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཚེ་ཧྲིལ་པོར་འཚེ་མེད་ཞི་བ་དང་བྱམས་བརྩེ་གོང་འཕེལ་གཏོང་གནང་མཛད་པར་དགའ་བསུ་ཞུས་ཤིང་། ཁོང་མོས་༸གོང་ས་མཆོག་དང་ལྷན་དུ་བོད་ཀྱི་རིག་གཞུང་སྲུང་སྐྱོབ་དང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྡལ་བཤིག་གཏོང་བཞིན་པའི་གནད་དོན་སེལ་ཐབས་སུ་ཨ་རིས་འབད་བརྩོན་བྱེད་བཞིན་པ། དེ་བཞིན་རྒྱ་ནག་གཞུང་དང་༸གོང་ས་མཆོག་གི་སྐུ་ཚབ་དབར་གྲོས་མོལ་བསྐྱར་མཐུད་ཡོང་ཐབས་ལ་རྒྱབ་སྐྱོར་བཅས་ཀྱི་སྐོར་བཀའ་མོལ་གནང་ཡོད་པར་བཀོད་འདུག་ལ།

གཞན་ཡང་ཕྱི་ཚེས་༢༢ ཉིན་ལྕམ་ཨུ་ཛི་རཱ་ཛེ་ཡས་ཁོང་མོའི་ཨེག་སི(X)་བརྒྱུད་ལམ་ཐོག་འཛམ་གླིང་ཡོངས་ཀྱི་སྙིང་རྗེ་དང་འཚེ་མེད་ཞི་བའི་མཚོན་དོན་༧གོང་ས་མཆོག་དང་མཇལ་འཕྲད་བྱུང་བར་ཁོང་མོར་དགའ་སྤོབས་ཆེན་པོ་བྱུང་བར་བརྗོད་ཅིང་། སྐབས་དེར་ཁོང་མོས་ཨ་རིའི་སྲིད་འཛིན་གྱིས་༧གོང་ས་མཆོག་ལ་ཕུལ་བའི་འཚམས་འདྲི་དང་། གང་གི་སྐུ་ཁམས་མྱུར་དུ་དྭངས་སྐྱེད་ཡོང་བའི་སྨོན་འདུན། དེ་བཞིན་ཨ་རིས་བོད་མིའི་སྤྱི་ཚོགས་ལ་རྒྱབ་སྐྱོར་བརྟན་པོ་གནང་རྒྱུ་ཡིན་པ་བསྐྱར་ནན་གནང་བ་བཅས་༧གོང་ས་མཆོག་ལ་ཞུས་ཡོད་པར་བཀོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།