ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པས་བོད་དོན་ཐོག་རྒྱབ་སྐྱོར་བྱེད་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པར་བརྗོད།

ཉེ་ཆར་ཨ་རིའི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་(Uzra Zeya)ནས་ཁོང་མོའི་སྤྱི་ཚོགས་དྲྭ་ལམ་ཐོག་བརྙན་ཐུང་ཞིག་བཞག་འདུག་པ་དང་། བརྙན་ཐུང་དེའི་ནང་ཁོང་མོ་ཕྱི་ལོ་༢༠༢༡ ནས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོས་པ་ནས་བཟུང་བོད་དོན་དང་འབྲེལ་བའི་ཕྱག་ལས་གནང་རྒྱུ་བྱུང་བ་ཧ་ཅང་གིས་བསྐལ་པ་བཟང་པོ་ཡིན་པ་དང་། ད་ཆར་ཨ་རིའི་གཞུང་གི་ངོས་ནས་བོད་དོན་ནི་དམིགས་བསལ་གྱིས་གལ་ཆེན་པོ་བརྩི་བཞིན་ཡོད་པ་སོགས་བརྗོད་འདུག

ཕྱི་ཚེས་༡༡ ཉིན་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་(Uzra Zeya)་ནས་སྤེལ་བའི་བརྙན་ཐུང་དེའི་ནང་ཁོང་མོས་བརྗོད་དོན། ཕྱི་ལོ་ ༢༠༢༡ ལོར་ཁོང་གིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ལས་འཁུར་ཞུས་ཡོད་པ་དང་། འདས་པའི་ལོ་བཞིའི་དུས་ཡུན་ཁྲོད་ཁོང་མོ་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། འཛམ་གླིང་གང་སར་ཡོད་པའི་བོད་མི་རྣམས་ལ་རྒྱ་ནག་གཞུང་གིས་དམིགས་དབེན་དུ་བཟུང་ནས་དཀའ་ངལ་གང་འདྲ་སྤྲོད་ཀྱི་ཡོད་མེད་རྣམས་ཐེར་འདོན་བྱས་ཡོད་པ་དང་།  དེ་བཞིན་རྒྱལ་སྤྱིའི་ཁྲོད་བོད་དོན་ལ་རྒྱབ་སྐྱོར་ཐོབ་ཐབས་སུ་འབད་བརྩོན་དང་གྲུབ་འབྲས་གཙོ་བོ་རྣམས་ཟུར་འདོན་གནང་ཡོད་པའི་ནང་།  ཕྱི་ལོ་ ༢༠༢༢ ལོའི་ཟླ་བ་ ༡༢ པའི་ནང་རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་ནང་དུ་ལོ་ངོ་བཅུ་ཕྲག་མང་པོའི་རིང་ནས་སྤྱི་ཚོགས་བདེ་འཇགས་ཀྱི་ལས་དོན་ལ་ཁ་གཡར་ནས་གཞིས་བཞུགས་བོད་མི་རྣམས་ལ་བཙན་གྱིས་བཀག་ཉར་དང་ཁྲིམས་མཐུན་མེད་པའི་ཐོག་ནས་དམར་གསོད་བཏང་བ། དེ་བཞིན་ཆབ་སྲིད་དང་ཆོས་དད་རང་དབང་རྡོག་རོལ་གྱིས་དམ་དྲག་སྔར་ལྷག་བྱས་པའི་རྐྱེན་གྱིས། ཨ་རིའི་གཞུང་གི་ངོས་ནས་ཐག་ཆོད་པོའི་ཐོག་ནས། ཐེངས་དང་པོ་རྒྱ་ནག་གི་འགོ་ཁྲིད་ཁག་གཅིག་ལ་ (Magnitsky )ནག་ཉེས་བཅའ་ཁྲིམས་ལག་བསྟར་བརྒྱུད་སྲིད་དོན་ཉེས་ཆད་བཅད་ཡོད་པར་བརྗོད། དེ་བཞིན་ས་ཁུལ་དེ་དག་གི་ནང་འགྲོ་འོང་གི་ཐོབ་ཐང་བཀག་པ་དང་བོད་ཕྲུག་ས་ཡ་གཅིག་ལྷག་རྒྱའི་བཅའ་སྡོད་སློབ་གྲྭའི་ནང་བཙན་ཤེད་ཀྱིས་བཅུག་ནས་བོད་མི་རིགས་རྒྱ་བསྒྱུར་གྱི་སྲིད་བྱུས་ལག་བསྟར་བྱེད་མཁན་གྱི་དཔོན་རིགས་ཚོར་མཐོང་མཆན་བཀག་སྡོམ་གྱིས་ཉེས་ཆད་ནན་པོ་བཅད་ཡོད་པ་དང་། ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཚོ་དང་ལྷན་དུ་མཉམ་ལས་བྱས་ནས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཆེད་དུ་འབད་རྩོད་བྱེད་རྒྱུ་ཡིན་པར་བརྗོད། དེ་བཞིན་ལོ་སྔོན་མའི་ཕྱི་ཟླ་ ༡ ཟླ་མཇུག་དུ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་རྒྱ་ནག་ཐོག་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་དུས་བཀག་བསྐྱར་ཞིབ་ཐེངས་བཞི་པ་གནང་བའི་ཐོག ཚོགས་མི་རྒྱལ་ཁབ་ ༢༠ ལྷག་གིས་བོད་ནང་གི་གནས་སྟངས་ཐད་སེམས་འཚབ་ཀྱི་རྣམ་པ་མངོན་གསལ་གནང་ཡོད་པ་ལུང་འདྲེན་གྱིས།  འདས་པའི་ལོ་བཞིའི་རིང་ཨ་རིས་རྒྱལ་སྤྱིའི་ཁྲོད་བོད་དོན་ལ་རྒྱབ་སྐྱོར་འཚོལ་ཐབས་གནང་བཞིན་པ་དེར་གྲུབ་འབྲས་ཆེན་པོ་ཞིག་སོན་ཡོད་པར་བརྗོད་འདུག

ལྕམ་སྐུ་ (Uzra Zeya)ནས་ང་ཚོའི་ངོས་ནས་རྒྱ་གཞུང་གིས་འཆར་གཞི་ལྡན་པའི་ཐོག་ནས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་རྩ་མེད་བཏང་དང་གཏོང་མུས་ཡིན་པའི་དུས་སྐབས་འདིར། བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་དང་ལོ་རྒྱུས་སོགས་རྩ་མེད་དུ་མི་འགྲོ་བར་མུ་མཐུད་མ་འོངས་མི་རབས་གསར་པར་རྩིས་སྤྲོད་ཐུབ་ཐབས་སུ་ཨ་རིའི་གཞུང་གིས་ (USAID )འམ་ཨ་རིའི་རོགས་ཚོགས་བཅས་དང་མཉམ་ལས་ཀྱི་ཐོག་ནས་ཨ་སྒོར་ས་ཡ་ ༨༢  ལྷག་རོགས་སྐྱོར་སྤྲད་ཐུབ་པར་དགའ་སྤོབས་ཆེན་པོ་ཡོད་ཅིང་། ཕྱི་ལོ་༢༠༢༢ ནས་ད་བར་༸གོང་ས་མཆོག་ལ་མཇལ་ཁ་ཐེངས་གསུམ་ཞུ་རྒྱུའི་གོ་སྐབས་བྱུང་བའི་ཁྲོད། ༸གོང་ས་མཆོག་ནི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཐད་སྐུ་ལས་འཛད་མེད་སྐྱོན་མཁན་ཞིག་ཡིན་པ་གསལ་པོ་ཤེས་རྟོགས་བྱུང་བར་བརྗོད།

བོད་པའི་སྐད་ཡིག་དང་རིག་གཞུང་། ལོ་རྒྱུས་སོགས་རྒྱ་ནག་གིས་རྩ་མེད་གཏོང་ཐབས་བྱེད་བཞིན་པའི་དུས་སྐབས་སུ་སྲུང་སྐྱོབ་བྱེད་ཐབས་ལ་འབད་རྩོན་བྱེད་རྒྱུ་ཧ་ཅང་གིས་གལ་ཆེན་པོ་ཡིན། ད་ལྟའི་ཆར་རྒྱ་ནག་གིས་བདེན་པ་མ་ཡིན་པའི་གནས་ཚུལ་ཁྱབ་སྤེལ་བྱེད་བཞིན་པ་དང་། ཆོས་ལུགས་དང་རིག་གཞུང་སོགས་ཀྱི་བྱེད་སྒོ་རྣམས་བཀག་འགོག་བྱེད་པ། བོད་མི་གནས་སྤོ་བྱེད་འཇུག་པ་སོགས་ཀྱི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པར་བརྗོད། དུས་སྐབས་དེ་འདྲ་ཞིག་སྐབས་སུ་ཨ་རིའི་གཞུང་གིས་དུས་རྒྱུན་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་གཙོས་པའི་སྤྱི་ཚོགས་ཀྱི་དགོས་མཁོར་མུ་མཐུད་གཙོར་འདོན་གནང་གི་ཡོད་པ་དང་།  ཨ་རིའི་རྒྱབ་སྐྱོར་འོག་བོད་མི་ཚོས་འཕྲོད་བསྟེན་དང་། ཤེས་ཡོན། རིག་གཞུང་སྲུང་སྐྱོབ་སོགས་ཀྱི་གཞི་རྩའི་འགྲོ་བ་མིའི་རོགས་རམ་གྱི་དགོས་མཁོ་སྐོང་ཐབས་ཀྱི་ལས་གཞིར་རྒྱབ་སྐྱོར་གནང་མུས་ཡིན་པ་ཙམ་མ་ཟད།  ཨ་རིས་བོད་མིའི་དཔལ་འབྱོར་གྱི་གོ་སྐབས་ཡར་རྒྱས་གཏོང་བ་དང་ལྷོ་ཨེ་ཤི་ཡའི་ནང་གི་བོད་མིའི་སྒྲིག་འཛུགས་ཀྱི་ནུས་པ་དེ་བཞིན་ཆེ་རུ་གཏོང་བའི་ལས་གཞིར་རྒྱབ་སྐྱོར་གནང་མུས་ཡིན་པར་བརྗོད། ཨ་རིའི་ངོས་ནས་བོད་ཀྱི་སྐད་ཡི་དང་རིག་གཞུང་སྲུང་སྐྱོབ་ཀྱིས་མཚོན་པའི་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་སླད་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་ཐད་གྲུབ་འབྲས་འདི་ལྟ་བུར་སོན་ཡོད་ནའང་།  རྒྱ་ནག་གཞུང་དང་༧གོང་ས་མཆོག་གི་སྐུ་ཚབ་དང་ལྷན་དུ་བོད་རྒྱ་འབྲེལ་མོལ་བསྐྱར་མཐུད་མ་བྱུང་བར་ལོ་ངོ་ ༡༤ ལྷག་ཕྱིན་ཡོད་པ་དང་།  གྲོས་མོལ་གྱི་ལམ་ནས་ཐག་གཅོད་གནང་རྒྱུ་དེ་བོད་ནང་ཡུན་རིང་བརྟན་ལྷིང་ཡོང་བའི་ཐབས་ཤེས་ལེགས་ཤོས་དེ་ཡིན་པར་ངོས་འཛིན་གནང་གི་ཡོད་སྟབས།  ཨ་རིས་མུ་མཐུད་རྒྱ་ནག་གཞུང་ལ་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་མགོན་པོ་གང་ཉིད་ཀྱི་སྐུ་ཚབ་དང་ལྷན་དུ་བོད་རྒྱ་འབྲེལ་མོལ་བསྐྱར་མཐུད་ཡོང་བར་འབད་བརྩོན་གནང་གི་ཡིན་ཞེས་དང་།  བོད་མི་ཚོར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་མ་ཐོབ་བར་དུ་དང་། བོད་མི་ཚོར་གཞི་རྩའི་རང་དབང་ལོངས་སུ་སྤྱོད་རྒྱུའི་རང་དབང་མ་ཐོབ་བར།  དེ་བཞིན་བོད་མི་ཚོར་ཆོས་ལུགས་དང་། སྐད་ཡིག རིག་གཞུང་བཅས་འགོག་རྐྱེན་གང་ཡང་མེད་པའི་ཐོག་ནས་ལོངས་སུ་སྤྱོད་རྒྱུའི་རང་དབང་མ་ཐོབ་བར་དུ་ཨ་རིའི་ངོས་ནས་མུ་མཐུད་འབད་བརྩོན་གནང་རྒྱུའི་ཐད་ཆོད་སེམས་བརྟན་པོ་ཡོད་པ་བསྐྱར་ནན་གནང་འདུག

གསར་འགོད་པ། བསོད་ནམས་ཕུན་ཚོགས།