ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པས་དྷ་སར་གཟིགས་སྐོར།
ཟླ་འདིའི་ཚེས་༡༥ ཉིན་ཨ་རིའི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ས་རཱ་སི་ཝེལ་དྷ་སར་ཕེབས་ཏེ། ཉིན་གཉིས་རིང་༧གོང་ས་མཆོག་ལ་མཇལ་ཁ་ཞུ་རྒྱུ་དང་། བཙན་བྱོལ་བོད་མིའི་གནས་སྟངས་ལ་གཟིགས་སྐོར་གནང་རྒྱུ་ཡིན་པ་རེད།
དེ་ཡང་ཕྱེད་ཡོལ་ཆུ་ཚོད་ ༢།༣༠ ཙམ་ལ་ལྕམ་ རཱ་སི་ཝེལ་དྷ་སའི་ཉེ་འགྲམ་ག་གྷ་གལ་གནམ་ཐང་དུ་ཕེབས་འབྱོར་སྐབས་བཀའ་དྲུང་གཡུ་ཐོག་ཀརྨ་དགེ་ལེགས་དང་། དྲིལ་བསྒྲགས་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས། དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་དངོས་གྲུབ་རྡོ་རྗེ་སོགས་ཕེབས་བསུར་བཅར་ཡོད་པ་རེད། གནམ་ཐང་དུ་གསར་འགོད་པས་ཁོང་འདིར་ཕེབས་དགོས་དོན་གང་ཡིན་སྐོར་ལ་བཅར་དྲི་བྱས་པར། དམིགས་བསལ་ཕེབས་དོན་གང་ཡིན་ལན་འདེབས་གནང་མེད་པ་རེད།
སྲིད་སྐྱོང་བློ་བཟང་སེང་གེ་ལ་མཇལ་འཕྲད་གནང་བ་དང་། ཚེས་༡༦ ཉིན་༸གོང་ས་མཆོག་མཇལ་ཁ་ཞུ་རྒྱུ་དང་། བོད་མིའི་སྒྲིག་འཛུགས་ཀྱི་གནད་ཡོད་མི་སྣ་ཁག་ཅིག དེ་བཞིན་གཞུང་དང་གཞུང་འབྲེལ་མིན་པའི་བསྟི་གནས་ཁང་བཅས་ལ་འཚམས་གཟིགས་སུ་ཕེབས་ནས་བོད་ཀྱི་ཐུན་མིན་རིག་གཞུང་འགྲེམས་སྟོན་ཁག་ལ་གཟིགས་ཞིབ་དང་བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་སྲུང་སྐྱོབ། བོད་མིར་ཤེས་ཡོན་གོ་སྐབས་བསྐྲུན་རྒྱུ་སོགས་ཀྱི་སྐོར་བཀའ་མོལ་གནང་རྒྱུའི་མཛད་འཆར་ཡོད་པ་རེད། ཁོང་དང་ལྷན་དུ་ཨ་རིའི་གཞུང་འབྲེལ་གནད་ཡོད་མི་སྣ་ཁག་གཅིག་ཀྱང་ཕེབས་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།