ཨ་རིའི་མང་གཙོ་ཚོགས་པའི་གནད་ཡོད་མི་སྣ་སོགས་ལ་འབར་རྫས་སྦྲག་ཐོག་ནས་བསྐུར་འདུག
ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་བར་མའི་འོས་བསྡུ་སླེབས་ལ་ཉེ་བ་དང་བསྟུན། མང་གཙོ་ཚོགས་པའི་གནད་ཡོད་མི་སྣ་ཁག་ཅིག་དང་། ཊོམ་གྱིས་རྒྱུན་ཏུ་སྐྱོན་བརྗོད་བྱེད་ཡུལ་སི་ཨན་ཨན་གསར་ཁང་སོགས་ལ་སྦྲག་ཐོག་ནས་འབར་རྫས་བསྐུར་ཡོད་འདུག་ཀྱང་། འབར་རྫས་ཁག་ཅིག་གསང་བའི་ལས་ཁུངས་ཀྱིས་བར་བཟུང་བྱས་འདུག་ལ། ད་ལྟའི་ཆར་གནས་ཚུལ་དེས་ཨ་རིའི་འོས་བསྡུར་ཟིང་ཆ་ཆེ་རུ་གཏོང་ངེས་ཡིན་འདུག
ཟླ་༡༠ པའི་ཚེས་༢༥ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨ་རིའི་མང་གཙོ་ཚོགས་པའི་གནད་ཡོད་མི་སྣ་སྲིད་འཛིན་ཟུར་པ་ཨོ་བྷ་མ་དང་། དེ་བཞིན་ཕྱི་སྲིད་དྲུང་ཆེ་ཟུར་པ་ཧཱི་ལ་རི་དང་ཁོང་གི་ཁྱོ་ག་སྲིད་འཛིན་ཟུར་པ་བྷེལ་ཁེལ་ཊོན་གཉིས་ཀྱི་སྡོད་གནས་སོགས་གནད་ཡོད་མི་སྣ་ལྔ་ཡི་ཁ་བྱང་ཐོག སྦྲག་ཐོག་ནས་འབར་རྫས་བསྐུར་ཡོད་ཀྱང་། སྦྲག་རྣམས་ཞིབ་བཤེར་བྱེད་སྐབས་འབར་རྫས་ཡིན་པ་ངོ་འཕྲོད་ནས་བར་བཟུང་བྱེད་ཐུབ་ཡོད་འདུག དེ་བཞིན་ནིའུ་ཡོག་ཏུ་ཨ་རིའི་ནང་གི་གསར་ཁང་ཆེ་གྲས་སི་ཨན་ཨན་གྱི་ས་གནས་ལས་ཁུངས་ཡོད་པའི་ཁང་བརྩེགས་ལ་སྦྲག་ཐོག་འབར་རྫས་འབྱོར་རྗེས། ཁང་བརྩེགས་ནས་མི་ཚང་མ་ཕྱིར་ཐོན་དགོས་པ་ཆགས་ཡོད་འདུག
ད་ལྟའི་ཆར་འབར་རྫས་དེ་དག་གས་འཐོར་བྱུང་བའི་གནད་དོན་ལྷག་མེད་ཀྱང་། གནས་ཚུལ་དེ་ཚོའི་རྒྱབ་ལ་སུའི་ལག་པ་ཡོད་མེད་ཐག་བརྟག་དཔྱད་བྱེད་བཞིན་པ་ཡིན་འདུག ཟླ་༡༡ པའི་ཚེས་༦ ཉིན་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་བར་མའི་འོས་བསྡུ་ལས་རིམ་འགྲོ་རྒྱུ་ཡིན་པ་དང་བསྟུན། ཐེངས་འདིར་མང་གཙོ་ཚོགས་པའི་གནད་ཡོད་མི་སྣ་དང་སྲིད་འཛིན་ཊོམ་གཙོས་སྤྱི་མཐུན་ཚོགས་པའི་སྲིད་བྱུས་ལ་སྐྱོན་བརྗོད་ཆེན་པོ་བྱེད་མཁན་གསར་ཁང་སི་ཨན་ཨན་ལ། འཇིགས་སྐུལ་བྱེད་ཐབས་ཀྱི་གནས་ཚུལ་དེས་འོས་བསྡུའི་ཟིང་ཆ་ཆེ་རུ་གཏོང་ཉེན་ཡོད་འདུག
སི་ཨན་ཨན་གྱིས་རྒྱུན་ཏུ་ཨ་རིའི་སྲིད་འཛིན་ཊོམ་དང་དྲིལ་བསྒྲགས་དྲུང་ཆེ་སོགས་ཀྱིས། སི་ཨན་ཨན་གཙོས་རང་དབང་གི་གསར་ཁང་མང་པོ་ཞིག་ལ་ཁུངས་མེད་ཉེས་འཛུགས་དང་མི་མང་གི་དགྲ་བོ་ཡིན་སྐོར་བརྗོད་བཞིན་པ་དེས། མི་མང་ལ་ཤུགས་རྐྱེན་འགྲོ་ཡི་ཡོད་པ་གསལ་པོ་ཆགས་ཡོད་པས། དོ་བདག་དེ་དག་གིས་གསལ་པོ་ཤེས་རྒྱུ་གལ་ཆེན་ཡིན་སྐོར་བརྗོད་འདུག
སྲིད་འཛིན་ཊོམ་གྱིས་འཇིགས་སྐུལ་གྱི་གནས་ཚུལ་དེ་ལ་བཟོད་སྲན་དང་གུ་ཡངས་གཏོང་ཐབས་བྲལ་བ་ཡིན་པས། གསང་བའི་ལས་ཁུངས་ཁག་གིས་རྟོག་ཞིབ་ནན་པོ་བྱེད་བཞིན་ཡོད་པ་དང་། གནས་ཚུལ་དེ་དང་འབྲེལ་ཡོད་རྣམས་འཇུ་བཟུང་ཐུབ་རྒྱུ། དེ་བཞིན་ཨ་རིའི་ཆབ་སྲིད་ཁོར་ཡུག་ནང་ལ་འཚེ་བའི་བྱེད་ལས་དང་འཇིགས་སྐུལ་གྱི་ས་ཆ་མེད་སྐོར་བརྗོད་འདུག
ད་ལྟའི་ཆར་གསང་བའི་ལས་ཁུངས་ཀྱིས་བར་བཟུང་བྱེད་མ་ཐུབ་པའི་སྦྲག་ཐོག་འབར་རྫས་ལྷག་ཡོད་སྲིད་པས། མི་མང་གིས་གཟབ་གཟབ་བྱེད་དགོས་སྐོར་བརྗོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།