ཨ་རིའི་མཐོ་སློབ་གྲགས་ཅན་ཞིག་གིས་སླར་ཡང་ཁུང་ཙི་ཤེས་ཡོན་ལྟེ་གནས་ཤིག་སྒོ་རྒྱག་རྒྱུ་རེད་འདུག
ཨ་རིའི་བྷོ་སི་ཊོན་བོད་རིགས་སྤྱི་མཐུན་ཚོགས་པ་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པ། བྷོ་སི་ཊོན་ཡུ་གུར་ཚོགས་པ། བོད་དོན་ལས་འགུལ་བསྟི་གནས་ཁང་། བྷོ་སི་ཊོན་ཧོང་ཀོང་སྤྱི་ཚོགས་ལས་འགུལ་ཁང་། དེ་བཞིན་ཐེ་ཝན་དང་རྒྱ་རིགས་ཚོགས་སྡེ་ཁག་གི་ཚོགས་མི་སོགས་ཀྱིས་ཞུ་གཏུག་གི་ལས་འགུལ་རབ་དང་རིམ་པ་སྤེལ་བར་བརྟེན། ཨ་རིའི་མཱ་ས་ཆུ་སེ་ཊིའི་མངའ་སྡེའི་ནང་རྟེན་གཞི་བྱས་པའི་ཊ་ཧྥི་སི་མཐོ་སློབ་ཁང་(Tufts University) གིས་ཁུང་ཙི་ཤེས་ཡོན་ལྟེ་གནས་ཁང་(Confucius Institute) སྒོ་རྒྱག་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་འདུག
བོད་རང་བཙན་སློབ་ཕྲུག་ཚོགས་པས་སྤེལ་བའི་གསལ་བསྒྲགས་ལྟར་ན། ཁུང་ཙི་ཤེས་ཡོན་ལྟེ་གནས་ཁང་དེ་སྒོ་རྒྱག་སླད་གོང་གི་ཚོགས་པ་ཁག་ནས་འདས་པའི་ལོ་ངོ་གཉིས་དང་བདུན་ཕྲག་བཅུ་གསུམ་རིང་བསྟུད་མར་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་འདུག
ཁུང་ཙི་བསྟི་གནས་ཁང་སྒོ་བརྒྱག་རྒྱུའི་གསལ་བསྒྲགས་མ་གནང་གོང་། བྷོ་སི་ཊོན་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཨོ་ལོས་ང་བོད་པ་ཞིག་ཡིན། ཕྱི་ལོ་༡༩༥༩ ལོར་རྒྱ་ནག་གཞུང་གིས་བོད་ས་ཡོངས་རྫོགས་དབང་སྒྱུར་བྱས་པ་ནས་བཟུང་བོད་མི་ས་ཡ་གཅིག་ལྷག་འདས་གྲོངས་སུ་གྱུར་བ་དེའི་འགན་རྒྱ་ནག་དམར་ཤོག་ཚོགས་པར་ཡོད་པ་དང་། ངའི་ཕ་མ་གཉིས་ལོ་དྲུག་དང་བརྒྱད་ཡིན་པའི་སྐབས་རྒྱ་ནག་གི་དབང་སྒྱུར་འོག་རི་བོ་ཧི་མ་ལ་ཡ་བརྒྱུད་རྐང་ཐང་དུ་བྲོས་བྱོལ་ལ་ཕེབས་དགོས་བྱུང་ཡོད་ཅེས་བཤད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།