ཨ་རིའི་མི་མང་གིས་གཞི་རྒྱ་ཆེ་བའི་ངོ་རྒོལ་དང་སྲིད་འཛིན་ཊོམ་གྱིས་དབུས་གཞུང་ནས་དམག་མི་ཕོན་ཆེན་བཏང་བ།

ཉེ་ཆར་ཨ་རིའི་མངའ་སྡེ་(Los Angeles)ལོ་སི་ཨན་ཇི་ལི་སིའི་ནང་སྲིད་འཛིན་ཊོམ་ནས་ཕྱི་མི་གནས་སྤོ་བ་རྣམས་ཕྱིར་འཕུད་དང་བཙོན་འཇུག་སོགས་དྲག་གནོན་བྱེད་རྒྱུ་རེད་ཅེས་པའི་དཀྲོག་གཏམ་ཞིག་ཁྱབ་པར་བརྟེན། མི་མང་ཧ་ཅང་ཕོན་ཆེན་པོས་ངོ་རྒོལ་བྱས་ཡོད་འདུག་པ་དང་། མངའ་སྡེའི་གྲོང་ཁྱེར་ཁག་ནང་གཏོར་རྒོལ་ཆེན་པོ་བྱེད་བཞིན་ཡོད་འདུག
ཕྱི་ཚེས་༡༠ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ། ཨ་རིའི་མངའ་སྡེ་ཆེ་ཤོས་གཉིས་པ་(Los Angeles)་ལོ་སི་ཨན་ཇི་ལི་སིའི་ནང་བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་སྲིད་འཛིན་ཊོམ་གྱིས་ཕྱི་མི་གནས་སྤོ་བའི་ཐོག་ཏུ་དྲག་གནོན་ཆེན་པོ་ཞིག་བྱེད་རྒྱུ་ཡིན་ཚུལ་གྱི་དཀྲོག་གཏམ་ཞིག་ཁྱབ་ནས་མངའ་སྡེ་ནང་གི་མི་མང་ཧ་ཅང་ཕོན་ཆེན་པོས་ངོ་རྒོལ་བྱེད་འགོ་བཙུགས་ཡོད་འདུག་ཅིང་། འདས་པའི་ཉིན་གྲངས་འགའ་ཤས་རིང་མངའ་སྡེའི་ནང་གི་རླངས་འཁོར་མང་པོ་མེར་བསྲེགས་པ་སོགས་བྱས་ཡོད་འདུག་པས། ད་བར་མི་མང་བརྒྱ་མ་ཟིན་ཙམ་འཛིན་བཟུང་བྱས་ཟིན་ཡོད་འདུག དཀྲོག་གཏམ་དེའི་ནང་(Immigration and Customs Enforcement)(ICE)ཟེར་བ་དབུས་གཞུང་གི་ཕྱི་མི་གནས་སྤོ་བ་རྣམས་ལ་ལྟ་ཞིབ་བྱེད་མཁན་སྡེ་ཚན་དེས་མངའ་སྡེའི་ནང་དུ་ཡོད་པའི་ཕྱི་མི་གནས་སྤོ་བའི་ཐོག་ཏུ་དྲག་གནོན་ཆེན་པོ་ཞིག་བྱེད་རྒྱུ་ཡིན་ཚུལ་རྗོད་ཀྱི་ཡོད་འདུག འདི་ལོར་སྲིད་འཛིན་ཊོམ་ཨ་རིའི་སྲིད་འཛིན་ཆགས་པ་ནས་བཟུང་ཕྱི་མི་གནས་སྤོ་བའི་ཐོག་ཏུ་དམ་དྲག་ཧ་ཅང་ཆེན་པོ་བྱེད་འགོ་བཙུགས་ཡོད་འདུག་པ་དང་། དམིགས་བསལ་དཀྲོག་གཏམ་དེའི་ནང་དུ་ཨ་རིའི་ནང་དུ་གནས་སྡོད་བྱེད་བཞིན་པའི་ཕྱི་མི་ཁྲིམས་མཐུན་གྱི་ཡིག་ཆ་མེད་པ་དང་། ཨ་རིའི་ནང་ཁྲིམས་འགལ་བྱེད་མཁན་རྣམས་ལ་དྲག་གནོན་བྱེད་རྒྱུ་རེད་ཅེས་ཁྱབ་ནས་མི་མང་སྟོང་ཕྲག་མང་པོས་ངོ་རྒོལ་བྱེད་བཞིན་ཡོད་འདུག རྗེས་སུ་མངའ་སྡེའི་གཞུང་གིས་དེ་ནི་དཀྲོག་གཏམ་ཡིན་པར་བརྗོད་འདུག་ཀྱང་། མི་མང་གིས་ཉན་འཇོག་མ་བྱས་པར་ངོ་རྒོལ་མུ་མཐུད་ནས་བྱེད་བཞིན་ཡོད་འདུག

སྤྱིར་བཏང་སྲིད་འཛིན་ཊོམ་སྲིད་འཛིན་ཆགས་པ་ནས་བཟུང་འདི་ལོའི་ཕྱི་ཟླ་༤ བར་ཕྱི་མི་ཁྱོན་༡༤༠༠༠༠ ཙམ་ཕྱིར་འཕུད་བཏང་ཡོད་པ་ཚོད་དཔག་བྱེད་ཀྱི་འདུག་ཅིང་། ད་དུང་ཡང་ཕྱི་མི་གནས་སྤོ་བའི་ཐོག་ཨ་རིའི་གཞུང་གིས་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་པའི་རྐྱེན་གྱིས་མི་མང་གཞུང་ལ་ཁོང་ཁྲོ་ཆེན་པོ་ལང་གི་ཡོད་འདུག སྤྱིར་ཨ་རིའི་མངའ་སྡེ་སོ་སོ་ལ་རང་དབང་ཆེན་པོ་ཡོད་འདུག་པ་དང་། ཨ་རིའི་དབུས་གཞུང་གིས་དམག་མི་གང་བྱུང་མངའ་སྡེའི་ནང་གཏོང་ཆོག་གི་ཡོད་མི་འདུག་ཀྱང་། ད་ལྟ་འབྱུང་བཞིན་པའི་ངོ་རྒོལ་བ་རྣམས་བཀག་འགོག་བྱེད་ཆེད་དུ་སྲིད་འཛིན་ཊོམ་གྱིས་དབུས་གཞུང་གི་རྒྱལ་སྲུང་དམག་མི་༤༠༠༠ དང་མཚོ་དམག་༧༠༠ བཏང་ཡོད་འདུག་པར་བརྟེན། མངའ་སྡེའི་གཞུང་དང་སྲིད་འཛིན་ཊོམ་བར་འགལ་ཟླ་ཆེན་པོ་ཡོང་བཞིན་ཡོད་འདུག གལ་སྲིད་མངའ་སྡེའི་ནང་དམག་འཁྲུག་བྱུང་བ་དང་། ཕྱི་ཕྱོགས་ནས་ཉེན་ཁ་ཆེན་པོའི་རིགས་བྱུང་ཚེ། གཞི་ནས་མངའ་སྡེའི་གཞུང་ནས་དབུས་གཞུང་ལ་ཆོག་མཆན་ཞུས་པའི་ཐོག་ནས་དབུས་གཞུང་གི་དམག་མི་མངའ་སྡེའི་ནང་ཡོང་ཆོག་པ་ལས། གཞན་ཆོག་མཆན་མེད་པའི་ཐོག་ནས་མངའ་སྡེའི་ནང་ཡོང་ན་འགྲིག་གི་ཡོད་མི་འདུག་པས། ད་ཆར་མངའ་སྡེའི་སྲིད་སྐྱོང་དང་སྲིད་འཛིན་ཊོམ་བར་འགལ་ཟླ་ཡོང་བཞིན་ཡོད་འདུག མངའ་སྡེའི་སྲིད་སྐྱོང་ནི་དམངས་གཙོ་ཚོགས་པ་ནས་ཡིན་འདུག་པས། ཁོང་གི་བཀོད་སྒྲིག་འོག་ནས་མི་མང་གིས་སྲིད་འཛིན་ཊོམ་ལ་ངོ་རྒོལ་བྱེད་འཇུག་བཞིན་ཡོད་ཚུལ་ཡང་རྗོད་ཀྱི་ཡོད་འདུག ཨ་རིའི་མི་མང་ཁྲོད་སྲིད་འཛིན་ཊོམ་གྱིས་ད་ལྟ་ལག་ལེན་བསྟར་བཞིན་པའི་སྲིད་བྱུས་མང་པོ་ཞིག་ལ་མི་དགའ་བའི་རྣམ་འགྱུར་སྟོན་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།