ཨ་རིའི་མི་མང་གིས་སྲིད་འཛིན་ཊོམ་ལ་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་སྤེལ་བཞིན་འདུག

རེས་གཟའ་སྤེན་པའི་ཉིན་ཨ་རིའི་མི་མང་གིས་སྲིད་འཛིན་ཊོམ་གྱིས་ཨ་རི་དང་ལྷན་དུ་ཚོང་འབྲེལ་ཡོད་མཁན་རྒྱལ་ཁབ་ཚང་མ་ལ་སྒོ་ཁྲལ་བཀལ་བ་དང་། གཞུང་ནང་ལས་ཀ་ཉུང་དུ་བཏང་བ། དེ་བཞིན་ཕྱི་མི་ཕོན་ཆེན་ཕྱིར་འཕུད་བཏང་བའི་རྐྱེན་གྱིས་ལས་མི་མི་འདང་བ་དང་། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་མི་བྱེད་པ། དངོས་ཟོག་གི་རིན་གོང་འཕར་བ་སོགས་གཞན་གནད་དོན་མང་པོ་ཞིག་གིས་རྐྱེན་པས་སྲིད་འཛིན་ཊོམ་ལ་མི་མང་གིས་ངོ་རྒོལ་རྒྱ་ཆེན་པོ་བྱེད་བཞིན་ཡོད་འདུག
ཕྱི་ཚེས་༧ ཉིན་རྒྱལ་སྤྱིའི་གསར་ཁང་ཆེ་ཁག་ནས་གནས་ཚུལ་ཐོན་གསལ་ལྟར་ན། ད་ཆར་ཨ་རིའི་ནང་སྲིད་འཛིན་ཊོམ་གྱི་དཔལ་འབྱོར་སྲིད་བྱུས་དང་། ཕྱི་འབྲེལ། འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་གནད་དོན་དུ་མ་ཞིག་གིས་རྐྱེན་པས་ཨ་རིའི་མི་མང་གིས་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་ཞིག་སྤེལ་འདུག ངོ་རྒོལ་དེ་ནི་སྲིད་འཛིན་ཊོམ་ཕོ་བྲང་དཀར་པོར་སླེབས་རྗེས་ཁོང་ལ་མི་མང་གིས་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་སྤེལ་བ་ཐེངས་དང་པོ་དེ་ཡིན་འདུག ཐེངས་འདིའི་ངོ་རྒོལ་ལས་འགུལ་དེ་ཨ་རིའི་མངའ་སྡེ་༥༠ ནང་ས་ཚུགས་༡༢༠༠ དང་གྲོང་ཁྱེར་ཆེ་ཁག་ཚང་མ། ལས་རིགས་འདྲ་མིན་མང་པོ་ཞིག་གི་མི་མང་རྣམས་ཀྱིས་ཉིན་གཅིག་དུས་གཅིག་ལ་ངོ་རྒོལ་ལས་འགུལ་སྤེལ་འདུག མི་མང་གིས་ངོ་རྒོལ་དེ་འདྲ་སྤེལ་དགོས་དོན་གཙོ་བོ་ནི་སྲིད་འཛིན་ཊོམ་ཨ་རིའི་ཕོ་བྲང་དཀར་པོར་སླེབས་པ་ནས་བཟུང་ཨ་རི་དང་ལྷན་དུ་ལོ་མང་རིང་ཚོང་འབྲེལ་ཡོད་པའི་རྒྱལ་ཁབ་ཚང་མ་ལ་སྒོ་ཁྲལ་བཀལ་ཡོད་པ་དང་། སྒོ་ཁྲལ་དེ་ལ་བརྟེན་ནས་ཨ་རིའི་ནང་དུ་ཡོད་པའི་ཚོང་ཟོག་མང་པོ་ཞིག་གི་རིན་གོང་འཕར་ཞིང་། ཨ་རིའི་གཞུང་གི་དཔལ་འབྱོར་འགྲོ་གྲོན་ཉུང་དུ་གཏོང་ཐབས་ཆེད་དུ་ལྷན་ཁང་མང་པོ་ཞིག་དང་། ལྷན་ཁང་དེ་དག་གི་ནང་དུ་ལས་ཁུངས་མང་པོ་ཞིག་སྒོ་བརྒྱབ་ནས་མི་མང་པོ་ཞིག་ལས་མེད་དུ་གྱུར་ཡོད་ཅིང་།
ཕྱི་མི་ཡིག་ཆ་མེད་མཁན་ཧ་ཅང་ཕོན་ཆེན་པོ་ཞིག་བཙན་གྱིས་ཕྱིར་འཕུད་བཏང་བའི་རྐྱེན་གྱིས་ཨ་རིའི་བཟོ་གྲྭ་དང་། ཚོང་གཉེར་ཁང་མང་པོ་ཞིག་ལ་ལས་མི་མི་འདང་བའི་དཀའ་ངལ་འཕྲད་བཞིན་ཡོད་པ་མ་ཟད། ཨ་རིའི་དམངས་གཙོ་ལ་ཡང་ཉེན་ཁ་ཡོང་བཞིན་ཡོད་པ་སོགས་ཀྱིས། ཊོམ་གྱི་སྲིད་བྱུས་དེ་དག་གིས་ཨ་རིའི་མི་མང་གི་མངོན་འདོད་ལ་གནོད་པ་ལས་ཕན་གྱི་མི་འདུག་ཅེས་མི་མང་གི་ངོ་རྒོལ་བ་ཚོས་བརྗོད་འདུག ངོ་རྒོལ་བ་ཚོའི་འབོད་ཚིག་ནི་(Fight the oligarchy)མི་དྲག་ཤོག་ཁགའམ་ཉུང་སྡེའི་སྲིད་གཞུང་ལ་འཐབ་དགོས་ཞེས་འབོད་ཀྱི་ཡོད་འདུག དེ་བཞིན་ཨ་རིའི་ནང་དུ་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་མང་པོ་ཞིག་གིས་མཚན་བསྒྱུར་མི་མང་(LBGTQ)ཚོའི་རང་དབང་དང་ཐོབ་ཐང་ལ་སྲིད་འཛིན་གྱིས་བརྩི་སྲུང་བྱེད་ཀྱི་མེད་པ་སོགས་ཀྱི་ངོ་རྒོལ་བྱེད་ཀྱི་ཡོད་འདུག ཊོམ་གྱིས་ཨ་རིའི་ནང་མིའི་རིགས་གཉིས་ལས་མེད་པ་དང་། དེ་ནི་ཕོ་དང་མོ་ལས་མེད། དེ་ལས་གཞན་མཚན་བསྒྱུར་བྱས་པའི་མི་རྣམས་བུད་མེད་ཀྱི་རྩེད་མོའི་རིགས་ནང་འཛུལ་བཞུགས་བྱེད་མི་ཆོག་ཅེས་བརྗོད་ནས་མཚན་བསྒྱུར་མི་མང་ཚོའི་ཐོབ་ཐང་དང་རང་དབང་ལ་བརྩི་སྲུང་བྱེད་ཀྱི་མི་འདུག་ཅེས་བརྗོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།