ཨ་རིའི་ཚན་རིག་པ་ཞིག་ལ་རྒྱ་ནག་དང་ལྐོག་འབྲེལ་བྱས་པའི་གནད་དོན་ཐད་ཉེས་འཛུགས་བྱས་འདུག
དེ་སྔོན་འཛིན་བཟུང་བྱས་པའི་ཨ་རིའི་ཚན་རིག་པ་དང་ཧྭ་ཝར་ཌེ་གཙུག་ལག་སློབ་ཁང་གི་སློབ་དཔོན་ལ། ཐེངས་འདིར་གཞུང་གི་བཤེར་དཔང་ལྷན་ཚོགས་ཤིག་གིས། རྒྱ་ནག་དང་འབྲེལ་བའི་ཐད་ལན་འདེབས་རྫུན་མ་བྱས་པའི་ཉེས་འཛུགས་གཉིས་བྱས་ཡོད་འདུག
ཟླ་༦ པའི་ཚེས་༡༠ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༡ པོའི་ནང་ཨ་རིའི་ཚན་རིག་པ་དང་སློབ་དཔོན་ཆལ་སེ་ལཱི་བྷེར་(Charles Lieber) གྱིས་ཁྲིམས་འགལ་ཐོག་ནས་རྒྱ་ནག་གཞུང་དང་མཉམ་ལས་བྱས་པ་དང་དངུལ་བླངས་ཀྱང་། དེའི་སྐོར་གསང་བ་བྱས་པའི་ཉེས་འཛུགས་འོག་འཛིན་བཟུང་བྱས་ཡོད་པ་དང་། རྗེས་སུ་གཏའ་མར་ཨ་སྒོར་ས་ཡ་༡ སྤྲད་ནས་གནས་སྐབས་གློད་གྲོལ་བཏང་ཡོད་པ་རེད། ཐེངས་འདིར་ཨ་རིའི་གཞུང་གི་བཤེར་དཔང་ལྷན་ཚོགས་ཤིག་གིས། སློབ་དཔོན་དེས་རྒྱ་ནག་དང་འབྲེལ་བའི་ཐད་རྟོག་ཞིབ་པ་ཚོར་རྫུན་ཐེངས་གཉིས་བཤད་ཡོད་པའི་ཉེས་འཛུགས་བྱས་ཏེ། ཨ་རིའི་རྫོང་གི་ཁྲིམས་ཁང་དུ་འབོད་འགུག་བྱེད་རྒྱུ་ཡིན་འདུག
ཚན་རིག་པ་ཁོང་གི་ཁྲིམས་རྩོད་པས་བརྒྱུད་ལམ་ཁག་ཏུ། ཚན་རིག་པ་ཁོང་གིས་མི་ཚེ་ཧྲིལ་བོ་ཚན་རིག་དང་སློབ་མ་ཚོའི་ཆེད་དུ་བློས་གཏོང་བྱས་ཡོད་པ་ལས། སྐད་གྲགས་དང་དངུལ་གྱི་ཆེད་དུ་བློས་གཏོང་བྱས་མེད་པ་རེད། ཁོང་ནི་གནད་དོན་དེའི་ནང་གནོད་འཚེ་འཕོག་ཡུལ་ཡིན་པ་ལས་འགལ་འཛོལ་བྱེད་པོ་དེ་མིན་པས། མུ་མཐུད་ནས་དྲང་བདེན་ཐོབ་ཆེད་དུ་འཐབ་རྩོད་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག
དེ་ཡང་ལོ་ན་༦༡ སོན་པའི་སློབ་དཔོན་ཆལ་སེ་ལཱི་བྷེར་ནི་ཧཱ་ཝར་ཌེ་(Havard) གཙུག་ལག་སློབ་ཆེན་གྱི་རྫས་སྦྱོར་དང་སྐྱེ་དངོས་རྫས་སྦྱོར་རིག་པའི་སྡེ་ཚན་གྱི་འགན་འཛིན་ཡིན་འདུག་པ་དང་། ཁོས་རྒྱ་ནག་གི་ཚོགས་པ་ཁག་ཅིག་དང་མཉམ་ལས་བྱས་ནས་ཨ་སྒོར་ཁྲི་མང་པོ་བླངས་ཡོད་ཀྱང་། དེའི་སྐོར་སྦས་གསང་བྱས་ཡོད་འདུག དེ་ཡང་ཧཱ་ཝར་ཌེ་སློབ་ཆེན་ནང་སློབ་དཔོན་དེའི་ཉམས་ཞིབ་རུ་ཁག་ལ་ཨ་རིའི་རྒྱལ་ཁབ་ཀྱི་འཕྲོད་བསྟེན་དང་བདེ་སྲུང་ལྟེ་གནས་ཁང་ནས་རོགས་དངུལ་ཨ་སྒོར་ས་ཡ་༡༥ ཐོབ་ཡོད་པས། གལ་ཏེ་ཕྱིའི་རྒྱལ་ཁབ་ཁག་ནས་དམིགས་ཡུལ་འགལ་ཟླ་འགྲོ་བའི་དངུལ་ལེན་གྱི་ཡོད་ཚེ་ཕྱིར་བསྒྲགས་བྱེད་དགོས་ཀྱི་ཡོད་འདུག་ཀྱང་། སློབ་དཔོན་དེ་དང་རྒྱ་ནག་གི་ཝུ་ཧན་གཙུག་ལག་སློབ་གཉེར་ཁང་བར་འབྲེལ་བ་ཡོད་ཁར། རྒྱ་ནག་གི་སློབ་ཆེན་དེས་ཟླ་རེེར་ཁོ་ལ་ཨ་སྒོར་ཁྲི་༥ སྤྲད་ཡོད་པ་མ་ཟད། སློབ་ཆེན་དེར་ཚན་རིག་གི་ཞིབ་འཇུག་ལྟེ་གནས་ཁང་ཞིག་འཛུགས་ཆེད་དུ་ཁོ་ལ་ཨ་སྒོར་ས་ཡ་༡.༥ སྤྲད་ཡོད་འདུག དེ་བཞིན་རྒྱ་ནག་ནང་དུ་ཚན་རིག་པ་གྲགས་ཅན་ཡོང་ཆེད་དུ། རྒྱ་ནག་གི་རིག་སྩལ་བ་གསར་འཇུག་གི་ལས་ཁང་ཞིག་དང་ཁོའི་བར་གན་རྒྱ་ཡག་བཞག་ཡོད་འདུག ཁོས་དངུལ་དེ་དག་དང་རྒྱ་ནག་གི་སློབ་ཆེན་དང་འབྲེལ་བ་ཡོད་པ་རྣམས་ཁྲིམས་འགལ་ཐོག་ནས་སྦས་གསང་བྱས་ཡོད་པ་རེད་འདུག
ཨ་རི་གཙོས་པའི་ཡར་ཐོན་རྒྱལ་ཁབ་མང་པོ་ཞིག་ནང་དུ། རྒྱ་ནག་གིས་ལྐོག་དངུལ་སྤྲད་ནས་ཚན་རིག་པ་དང་སློབ་དཔོན། ཤེས་ཡོན་པ་སོགས་བཀོལ་སྤྱོད་བྱས་ཏེ་གསང་མྱུལ་དང་ཞིབ་འཇུག་རྐུ་འཁྱེར། རྒྱ་ནག་གི་རྣམ་པ་བཟང་པོ་བསྐྲུན་པ་སོགས་བྱེད་ཀྱི་ཡོད་པའི་དོགས་གཟོན་གྱིས་རྟོག་ཞིབ་བྱེད་ཀྱི་ཡོད་ཁར། རྒྱ་ནག་གི་ཤུགས་རྐྱེན་འགོག་ཆེད་དུ་དབྱིན་ཡུལ་ནང་ཁྲིམས་གསར་པ་བཟོ་འཆར་ཡོད་ཁར། ཨོ་སི་ཀྲོ་ལི་ཡའི་ནང་བཟོ་ཟིན་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།