ཨ་རིའི་ཞིབ་འཇུག་སྙན་ཐོ་གསར་པའི་ནང་ཏོག་དབྱིབས་ན་ཚ་ཝུའུ་ཧན་ནད་འབུ་ཞིབ་འཇུག་ཁང་ནས་བྱུང་ཡིན་སྲིད་པའི་ཐག་གཅོད།
ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཀྱི་འབྱུང་ཁུངས་གང་ཡིན་ཐད་ལ་འཛམ་གླིང་གིས་དོ་སྣང་དང་དོགས་འདྲི་གསར་པ་ཞིག་བྱེད་བཞིན་པའི་སྐབས་འདིར། ཨ་རིའི་གཞུང་འབྲེལ་ཞིབ་འཇུག་སྙན་ཐོ་ཞིག་གི་ནང་དུ་ནད་འབུ་དེ་ཝུའུ་ཧན་ནད་འབུ་ཞིབ་འཇུག་ཁང་ནས་ཕྱི་རུ་ཤོར་བ་ཞིག་ཡིན་སྲིད་པ་དང་། དེའི་ཐོག་ལ་མུ་མཐུད་ཞིབ་འཇུག་དགོས་པའི་མཐའ་སྡོམ་བརྒྱབ་འདུག
དེ་རིང་སྟེ་ཕྱི་ཟླ་ ༦ ཚེས་ ༨ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་མངའ་སྡེ་ཁ་ལི་ཧྥོ་ནི་ཡར་རྟེན་གཞི་བྱས་པའི་ལོ་རན་སི་རྒྱལ་ཡོངས་ཞིབ་འཇུག་ཁང་(Lawrence Livermore National laboratory) གིས་ ༢༠༢༠ ལོའི་ཕྱི་ཟླ་ ༥ པའི་ནང་དུ་ནད་འབུའི་འབྱུང་ཁུངས་དང་འབྲེལ་བའི་ཞིབ་འཇུག་ཅིག་བྱས་པའི་ནང་། ནད་འབུ་དེ་ཝུའུ་ཧན་ནད་འབུ་བརྟག་དཔྱད་ཁང་ནས་ཕྱི་རུ་ཤོར་བ་ཞིག་ཡིན་པའི་ཉེན་ཁ་ཆེ་བའི་མཐའ་སྡོམ་བཀོད་ཡོད་འདུག་པ་དང་། ཞིབ་འཇུག་གི་གྲུབ་དོན་སྲིད་གཞུང་ལ་ཡར་ཞུ་བྱས་ཡོད་འདུག
ད་ལྟའི་ཆར་འཛམ་གླིང་གི་ཚན་རིག་པ་ཚོས་ནད་འབུའི་འབྱུང་ཁུངས་ཐོག་ལ་དོ་སྣང་གསར་པས་ཞིབ་འཇུག་བྱེད་ཀྱི་ཡོད་ལ། ལྷག་པར་དུ་ཉེ་ཆར་ཨ་རིའི་སྲིད་འཛིན་བྷ་ཌན་གྱིས་ནད་འབུའི་འབྱུང་ཁུང་ལ་རྩད་གཅོད་དང་ཞིབ་འཇུག་མཐིལ་ཕྱིན་པ་བྱེད་དགོས་པའི་བཀའ་བཏང་རྗེས། ཏོག་དབྱིབས་ནད་འབུ་མིས་བཟོས་པ་ཡིན་ཚུལ་སྒྲུབ་མཁན་གྱི་ཚན་རིག་པ་འགའ་ཡང་བྱུང་ཡོད།
ཉེ་ཆར་ཨ་རིའི་ཝོ་ལི་གསར་ཁང་(Wall Street Journal) གིས་རྒྱ་ནག་གི་གྲོང་ཁྱེར་ཝུའུ་ཧན་དུ་ནད་ཡམས་རྒྱ་ཁྱབ་མ་གྱུར་གོང་ལ། ནད་འབུ་ཞིབ་འཇུག་ཁང་གི་ཚན་རིག་པ་འགའ་ལ་ནད་ཡམས་ཀྱི་ནད་རྟགས་ཐོན་ནས་སྨན་ཁང་དུ་ལྷུངས་པའི་གནས་ཚུལ་སྤེལ་རྗེས། ཨ་རིའི་སྲིད་འཛིན་ཟུར་པ་ཊོམ་གྱིས་ཁོང་གིས་དེ་སྔོན་“རྒྱ་ནད་”ཝུའུ་ཧན་གྲོང་ཁྱེར་གྱི་ནད་འབུ་ཞིབ་འཇུག་ཁང་ནས་བྱུང་བ་ཡིན་ཚུལ་བརྗོད་མྱོང་བ་དེ་འགྲིག་ཡོད་སྐོར་བརྗོད་ཡོད།
ཁོང་གིས་ཁོང་གིས་ད་ལྟ་མི་ཚང་མས་སྲིད་འཛིན་ཊོམ་གྱིས་“རྒྱ་ནད་”ནད་འབུ་ཞིབ་འཇུག་ཁང་ནས་བྱུང་བ་ཡིན་ཚུལ་བཤད་པ་བདེན་པ་རེད་ཟེར་བའི་འགོ་རྩོམ་བཞིན་ཡོད་ཅེས་བརྗོད་པ་མ་ཟད། གུན་གསབ་ཆེད་དུ་རྒྱ་ནག་ལ་ཨ་སྒོར་ཁྲག་ཁྲིག་ཆེན་པོ་ ༡༠ ཡི་ཉེས་ཆད་གཅོད་དགོས་ཞེས་བརྗོད་ཡོད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།