ཨ་རིའི་འདེམས་ཐོན་སྲིད་འཛིན་ཊོམ་གྱིས་ཁོ་རང་གི་སྲིད་འཛིན་དམ་འབུལ་མཛད་སྒོར་ཞི་ཅིན་ཕིང་ལ་མགྲོན་བརྡ་བཏང་ཡོད་འདུག
ཨ་རིའི་འདེམས་ཐོན་སྲིད་འཛིན་ཊོམ་གྱིས་སྲིད་འཛིན་འོས་བསྡུའི་སྔ་རྗེས་སུ། རྒྱ་ནག་ནས་ནང་འདྲེན་བྱེད་རྒྱུའི་དངོས་ཟོག་ཐོག་སྒོ་ཁྲལ་འགེལ་རྒྱུའི་ཉེན་བརྡ་བཏང་ཡོད་པ་ལ་མ་ལྟོས་པར། ཁོང་གི་སྲིད་འཛིན་གྱི་དམ་འབུལ་མཛད་སྒོའི་སྐུ་མགྲོན་དུ་རྒྱ་ནག་གི་སྲིད་འཛིན་ལ་མགྲོན་བརྡ་ཕུལ་ཡོད་པའི་གནས་ཚུལ་འདུག་ཀྱང་། ཞི་ཅིན་ཕིང་གིས་མགྲོན་བརྡ་དང་ལེན་བྱས་ཡོད་མེད་གསལ་པོ་མེད་པ་དང་། གལ་སྲིད་ཁོ་སྲིད་འཛིན་གྱི་དམ་འབུལ་ལ་ཕྱིན་ཚེ། རྒྱ་ནག་གི་འགོ་ཁྲིད་ཅིག་ཨ་རིའི་སྲིད་འཛིན་གྱི་དམ་འབུལ་ལ་སོང་བ་ཐོག་མ་དེ་ཆགས་ཀྱི་ཡོད་འདུག
ཟླ་འདིའི་ཚེས་༡༢ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ལོ་རྗེས་མའི་ཕྱི་ཟླ་༡ ཚེས་༢༠ ཉིན་ཨ་རིའི་འདེམས་ཐོན་སྲིད་འཛིན་ཊོམ་གྱི་སྲིད་འཛིན་གྱི་དམ་འབུལ་མཛད་སྒོ་འཚོག་རྒྱུ་ཡིན་པར་བརྟེན། ཊོམ་གྱིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལ་ཡང་མགྲོན་བརྡ་བཏང་ཡོད་འདུག ཨ་རིའི་(CBS) གསར་ཁང་གིས་ཕྱི་ཟླ་༡༡ ཚེས་༥ ཉིན་ཏེ་ཊོམ་ལ་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་ནས་ཉིན་ཤས་རྗེས་དེར། ཊོམ་གྱིས་ཞི་ཅིན་ཕིང་ལ་སྲིད་འཛིན་གྱི་དམ་འབུལ་མཛད་སྒོར་སྐུ་མགྲོན་དུ་མགྲོན་བརྡ་བཏང་ཡོད་ཀྱང་། ཞི་ཅིན་ཕིང་གིས་མགྲོན་འབོད་ཁས་ལེན་བྱས་ཡོད་མེད་གསལ་བོ་མེད་ཅེས་བཀོད་འདུག
གནས་ཚུལ་དེ་དང་འབྲེལ། རྒྱ་ནག་གི་ཤིན་ཧྭ་གསར་ཁང་གི་ཐོག ཟླ་འདིའི་ཚེས་༡༢ ཉིན་ཞི་ཅིན་ཕིང་གིས་ཨ་རི་དང་རྒྱ་ནག་གཉིས་ཀྱིས་མཉམ་ལས་བྱས་ནས་དུས་རབས་གསར་པའི་ནང་ཕྱོགས་གཉིས་ཀ་མཉམ་གནས་ཐུབ་པའི་ལམ་ཁ་ཞིག་འཚོལ་རྒྱུའི་འདོད་པ་ཡོད་ཅེས་བརྗོད་ཡོད་པར་བཀོད་འདུག དེ་བཞིན་ཞི་ཅིན་ཕིང་གིས་ཨ་རྒྱའི་ཚོང་དོན་ལྷན་ཚོགས(US-China Business Council) ལ་ཕུལ་པའི་ཡི་གེའི་ནང་། རྒྱལ་ཁབ་གཉིས་ཀྱི་ཁེ་ཕན་དེ་གཅིག་ལ་གཅིག་བརྟེན་ཡིན་པ་དང་། ཕྱོགས་གཉིས་ཀྱི་མཉམ་ལས་དེ་མཐའ་མེད་པ་ཞིག་རེད་ཅེས་དང་། དཔལ་འབྱོར་དང་ཚོང་ལས་ཀྱི་འབྲེལ་ལམ་ནི་ཕྱོགས་གཉིས་ཀྱི་འབྲེལ་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། རྒྱ་གཞུང་གིས་ཨ་རི་དང་མཉམ་དུ་འབྲེལ་ལམ་དང་མཉམ་ལས་རྒྱ་སྐྱེད་གཏོང་རྒྱུར་གྲ་སྒྲིག་ཡོད་ཅེས་བརྗོད་འདུག གལ་སྲིད་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་མགྲོན་བརྡ་ལ་ཁས་ལེན་བྱས་ཚེ། ཁོ་ནི་ཨ་རིའི་སྲིད་འཛིན་གྱི་དམ་འབུལ་མཛད་སྒོར་བཅར་མཁན་གྱི་རྒྱ་ནག་གི་འགོ་ཁྲིད་ཐོག་མ་དེ་ཆགས་ཀྱི་ཡོད་འདུག
ཊོམ་གྱིས་ཉེ་ཆར་རྒྱ་ནག་ལ་མཁྲེགས་འཛིན་བྱེད་མཁན་གྱི་མི་སྣ་ཁག་ཅིག་ལས་གནས་གལ་ཆེན་ཐོག་བསྐོ་གཞག་བྱས་ཡོད་པས། ཨ་རྒྱ་གཉིས་ཀྱི་བར་སླར་ཡང་ཚོང་དམག་ལང་རྒྱུའི་ཐོག་ལ་སེམས་འཚབ་བྱེད་དགོས་པ་ཞིག་ཆགས་ཡོད་པ་མ་ཟད། ཐའེ་ཝན་གྱི་གནད་དོན་དང་འབྲེལ། ཊོམ་གྱིས་གལ་སྲིད་རྒྱ་ནག་གིས་ཐའེ་ཝན་ལ་བཙན་འཛུལ་བྱས་ཚེ། རྒྱ་ནག་གི་དངོས་ཟོག་ཐོག་སྒོ་ཁྲལ་བརྒྱ་ཆ་༡༥༠ ནས་༢༠༠ བར་འགེལ་རྒྱུའི་ཁས་ལེན་ཡང་བྱས་ཡོད་འདུག
གཞན་ཡང་། (ALJAZEERA) ཞེས་པའི་གསར་ཁང་གིས་འདེམས་ཐོན་སྲིད་འཛིན་ཊོམ་གྱིས་དེ་སྔ་ཁོང་ཉིད་སྲིད་འཛིན་ཡིན་པའི་སྐབས། རྒྱ་ནག་དང་ཚོང་དམག་འགོ་བཙུགས་ནས་ཕྱོགས་གཉིས་ཀྱིས་དངོས་ཟོག་ཐོག་སྒོ་ཁྲལ་འགེལ་རེས་བྱས་ཡོད་པ་དང་། ཕྱི་ལོ་༢༠༡༩ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོང་དོན་དང་འཕེལ་རྒྱས་ལྷན་ཚོགས་ཀྱིས་སྙན་ཐོ་ཞིག་བཏོན་ནས། ཚོང་དམག་གིས་རྒྱལ་ཁབ་གཉིས་ཀར་དཔལ་འབྱོར་གྱི་གྱོང་གུད་གཏོང་གི་ཡོད་པའི་ཉེན་བརྡ་བཏང་ཡོད་འདུག། ལྷག་པར་དུ་འཛམ་གླིང་ཀུན་ལ་ཏོག་དབྱིབས་གཉན་རིམས་༡༩ པ་ཁྱབ་བརྡལ་འགྲོ་བཞིན་པའི་སྐབས་སུ། ཊོམ་གྱིས་ནད་ཡམས་དེར་རྒྱ་ནད་ཅེས་བརྗོད་པ་དང་། ནད་ཡམས་ཁྱབ་བརྡལ་གྱི་འགན་འཁྲི་རྒྱ་ནག་ལ་ཡོད་ཅེས་བརྗོད་པ་དང་། རྒྱ་གཞུང་གིས་ཁོའི་སྐད་ཆ་དེ་དག་མིང་ཆད་གཏོང་ཆེད་དང་ཁུངས་ལུང་མེད་པ་རེད་ཅེས་བརྗོད་ནས་ཕན་ཚུན་ཚིག་ངན་འཕེན་རེས་ཀྱིས་ཁ་དམག་བརྒྱབ་ཡོད་པ་བཅས་ཕྱོགས་གཉིས་བར་འབྲེལ་ལམ་ལེགས་པོ་བྱུང་མེད་ཅེས་བཀོད་འདུག
གསར་འགོད་ལྷན་ཚོགས་ཤིག་གི་ཐོག་གསར་འགོད་པ་ཞིག་གིས་ཊོམ་གྱི་མགྲོན་བརྡ་དང་འབྲེལ་དྲི་བ་དྲིས་པར་རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་མའོ་ནིང་གིས་ད་ལྟའི་ཆར་གནས་ཚུལ་གང་ཡང་བཤད་རྒྱུ་མེད་ཅེས་བརྗོད་འདུག གནས་ཚུལ་དབྱེ་ཞིབ་པ་འགས་ཞི་ཅིན་ཕིང་གིས་མགྲོན་འབོད་ལ་དང་ལེན་བྱེད་སྲིད་ཀྱི་མ་རེད་ཅེས་བརྗོད་འདུག
གསར་འགོད་པ། བློ་བཟང་རྒྱ་མཚོ།