ཨ་རིའི་འོས་བསྡུ་དང་ཡུག་རེན་གྱི་མ་འོངས་པའི་ལས་དབང་།

ཡུག་རེན་ལ་ཨུ་རུ་སུས་བཙན་འཛུལ་འགོ་བཙུགས་ནས་མི་ལོ་གཉིས་ལྷག་ཙམ་འགྲོ་བཞིན་ཡོད་པ་དང་། དུས་ཡུན་དེ་དག་གི་རིང་ཨ་རིའི་གཞུང་གིས་ཡུག་རེན་ལ་གོ་མཚོན་དང་ཆབ་སྲིད་གང་གི་ཐད་ནས་རོགས་རམ་མི་ཉུང་བ་ཞིག་བྱས་ཡོད་པ་དང་། མ་འོངས་པ་ལ་ཡང་ཨུ་རུ་སུས་བཙན་འཛུལ་མཚམས་མ་བཞག་བར་དུ་རོགས་རམ་དགོས་ཀྱི་ཡོད་ཀྱང་། ཨ་རིའི་སྲིད་འཛིན་འོས་མི་ཌོ་ནལ་ཊམ་གྱིས་གལ་སྲིད་ཁོ་སྲིད་འཛིན་ཆགས་ན་ཡུག་རེན་ལ་རོགས་རམ་བྱེད་རྒྱུ་མིན་པའི་སྐད་ཆ་བཤད་ཡོད་པར་བརྟེན། ཡུག་རེན་ལ་མཚོན་ན་མ་འོངས་པར་ཌོ་ནལ་ཊམ་སྲིད་འཛིན་ཆགས་ན་ཉེན་ཁ་ཆེན་པོ་ཡོད་འདུག དེར་བརྟེན་ཡུག་རེན་གྱིས་ཀ་མ་ལ་ཧ་རི་སི་སྲིད་འཛིན་གྱི་འོས་བསྡུའི་རྒྱལ་ཁ་འཐོབ་རྒྱུའི་རེ་བ་བྱེད་བཞིན་ཡོད་འདུག

པར། བྷི་བྷི་སི་གསར་ཁང་།

ཕྱི་ཚེས་༡ ཉིན་སྦི་སྦི་སིའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཡུག་རེན་གྱི་མི་མང་ཚོས་ཁོང་ཚོའི་དགྲ་བོ་ཨུ་རུ་སུ་ཁོང་ཚོའི་ས་ཐོག་ནས་རྒྱང་འཕུད་གཏོད་རྒྱུ་ནི་ཡུག་རེན་གྱི་མི་མང་ཚོའི་མངོན་འདོད་ངོ་མ་དེ་ཡིན་ཡང་། དགྲ་བོ་ལ་སྟོབས་ཤུགས་ཆེན་པོ་ཡོད་པའི་རྐྱེན་གྱིས་ད་ཆར་རང་སྲུང་བྱེད་རྒྱུ་ལས་དགྲ་བོ་རྒྱང་འཕུད་གཏོང་རྒྱུ་ནི་ཁག་པོ་ཡིན་པ་(James )ཟེར་བའི་བུད་མེད་གཅིག་གིས་བརྗོད་འདུག་ལ། ཁོང་མོས་མ་འོངས་པའི་ཡུག་རེན་གྱི་ལས་དབང་ནི་སྤྱི་ལེ་༥༠༠༠ སར་ཡོད་པའི་འདི་ལོའི་ཨ་རིའི་སྲིད་འཛིན་འོས་མི་གཉིས་ལ་རག་ལས་ཡོད་པ་དང་། ཁོང་མོའི་ངོས་ནས་འོས་མི་གཉིས་ལས་ཀ་མ་ལ་ཧ་རི་སི་ལ་འཐོབ་རྒྱུའི་རེ་བ་བྱེད་བཞིན་ཡོད་ཅེས་བརྗོད་འདུག སྲིད་འཛིན་འོས་མི་ཀ་མ་ལ་ཧ་རི་སིས་མ་འོངས་པར་ཁོང་མོར་འོས་ཐོབ་ན་ཡུག་རེན་ལ་མུ་མཐུད་ནས་རོགས་རམ་བྱེད་རྒྱུ་ཡིན་པར་བརྗོད་ཡོད།

པར། བྷི་བྷི་སི་གསར་ཁང་།

སྲིད་འཛིན་འོས་མི་ཌོ་ནལ་ཊམ་གྱིས་གལ་སྲིད་ཁོ་སྲིད་འཛིན་ཆགས་ན་ཨུ་རུ་སུ་དང་ཡུག་རེན་གཉིས་འདུམ་སྒྲིག་བྱས་ནས་དམག་འཁྲུག་མཚམས་འཇོག་ཡོང་ཐབས་དང་ཡུག་རེན་ལ་རོགས་རམ་མཚམས་འཇོག་བྱེད་རྒྱུ་ཡིན་ཞིང་། སྐབས་དེ་དུས་ཡུག་རེན་གྱི་ངོས་ནས་ས་ཆ་གང་འཚམ་ཞིག་ཨུ་རུ་སུ་ལ་སྤྲོད་དགོས་འབྱུང་སྲིད་པར་རྗོད་ཀྱི་ཡོད་འདུག རྒྱུ་མཚན་དེ་ལ་བརྟེན་ནས་ཡུག་རེན་གྱི་མི་མང་ཚོས་མ་འོངས་པར་ཨ་རིའི་སྲིད་འཛིན་འོས་མིའི་ཁྲོད་ནས་ཀ་མ་ལ་ཧ་རི་སི་ལ་འཐོབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་འདུག་ལ། ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཚོས་ཀྱང་ཕྱི་ཟླ་༡༡ ཚེས་༥ འོས་བསྡུའི་གྲུབ་འབྲས་ལ་བློ་འཚབ་ཆེན་པོ་བྱེད་ཀྱི་ཡོད་འདུག
(Andriy)ཟེར་བའི་དམག་མི་ཞིག་གིས་གལ་སྲིད་ང་ཚོ་ལ་རོགས་རམ་མི་ཐུབ་མཁན་གྱི་འོས་མི་ཞིག་ཨ་རིའི་སྲིད་འཛིན་ཆགས་ན་ང་ཚོ་གང་དུ་ཡང་འགྲོ་རྒྱུ་མིན། ཡོད་ཚད་བློས་བཏང་ནས་འཛིང་རྒྱུ་ཡིན་ཞེས་བརྗོད་འདུག ད་ཆར་ཡུག་རེན་གྱིས་དམག་འཁྲུག་དེའི་ཆེད་དུ་ཡུག་རེན་རྒྱལ་ནང་དུ་མི་མེད་གནམ་གྲུ་མང་པོ་བཟོ་བཞིན་ཡོད་འདུག་ལ། དེ་བཞིན་ནུབ་ཕྱོགས་རྒྱལ་ཁབ་ཚོས་རང་ཉིད་ཀྱི་གོ་མཚོན་ཚོད་ལྟ་བྱེད་སའི་གོ་སྐབས་ཤིག་ལ་བརྩིས་ནས་མི་མེད་གནམ་གྲུ་དང་གོ་མཚོན་སོགས་མང་པོ་ཡུག་རེན་ལ་མཁོ་སྤྲོད་བྱེད་ཀྱི་ཡོད་འདུག
ཕྱོགས་གཞན་ཞིག་ནས་ཡུག་རེན་གྱི་ལྷོ་ཕྱོགས་དང་ནུབ་ཕྱོགས་ཀྱི་མི་མང་པོའི་རེ་བ་ལ་མ་འོངས་འོས་བསྡུའི་ཁྲོད་འོས་མི་ཌོ་ནལ་ཊམ་ལ་ཐོབ་ནས་དམག་འཁྲུག་དེ་གང་མགྱོགས་མཇུག་སྒྲིལ་བྱེད་རྒྱུའི་རེ་བ་བྱེད་ཀྱི་ཡོད་པར་བརྗོད་འདུག
མདོར་ན་འདི་ལོའི་ཕྱི་ཟླ་༡༡ ཚེས་༥ ཉིན་གྱི་འོས་བསྡུའི་གྲུབ་འབྲས་དེ་ཨ་རིའི་རྒྱལ་ཁབ་གཅིག་པུར་གལ་ཆེན་པོ་མ་ཡིན་པར། ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཚོ་དང་ལྷག་པར་དུ་ཡུག་རེན་ལ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད་འདུག གལ་སྲིད་འོས་བསྡུ་འདིའི་ཁྲོད་ནས་ཌོ་ནལ་ཊམ་ལ་ཐོབ་ན་ཡུག་རེན་གྱི་ས་ཆ་མང་པོ་ཞིག་ཨུ་རུ་སུ་ལ་སྤྲོད་དགོས་འབྱུང་སྲིད་པ་ཡིན་འདུག།

གསར་འགོད་པ། བསོད་ནམས་ཕུན་ཚོགས།

This will close in 0 seconds