ཨ་རིའི་འོས་བསྡུའི་གྲུབ་འབྲས་ཀྱིས་འཛམ་གླིང་ལ་འདར་སིག་ཅིག་རྒྱག་ཏུ་བཅུག་ཡོད་ལ། ང་ཚོ་བཙན་བྱོལ་བ་ཡང་དེ་ལྟར་རོ།

ལོ་ཙཱ་བ་འཕྲིན་ལས་རྒྱ་མཚོ།

ཌོ་ནལ་ཊོམ་ལ་འོས་བསྡུའི་རྒྱལ་ཁ་ཐོབ་པ་འདི་ནི་ཨ་རིའི་ལོ་རྒྱུས་ནང་དུ་བྱུང་མ་མྱོང་ཞིང་བློ་ཕམ་རང་བཞིན་ལྡན་པའི་ཆབ་སྲིད་ཀྱི་གནད་དོན་ཞིག་ཡིན། འོས་བསྡུ་མ་བྱུང་བའི་སྔོན་དུ་ཆབ་སྲིད་དཔྱད་བརྗོད་པ་སུ་གཅིག་གིས་ཀྱང་ཁྲི་རམ་ལ་འོས་ཐོབ་པའི་ཚོད་དཔག་བྱས་མེད། མི་མང་ས་ཡ་མང་པོས་ཁྲི་རམ་ལ་འོས་བླུགས་ཏེ་སྲིད་འཛིན་དུ་བསྐོས་པ་འདིས་གནད་དོན་གཅིག་གསལ་བཤད་བྱས་ཡོད་ལ། དེ་ནི་ཨ་རིའི་དཔལ་འབྱོར་གྱི་ལས་དོན་མང་པོ་ཞིག་གཙོས་ཕྱི་དོན་སྲིད་བྱུས་ལ་འགྱུར་བ་ཤུགས་ཆེན་འགྲོ་དགོས་པ་དེ་ཡིན།

ཨ་རིའི་སྲིད་འཛིན་གྱིས་ཕྱི་ཕྱོགས་ལ་སྲིད་བྱུས་ཇི་ལྟར་འཛིན་མིན་གྱིས་འཛམ་གླིང་གི་རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་འབྲེལ་བ་དང་མི་དམངས་དང་སྲིད་གཞུང་བར་གྱི་འབྲེལ་བ་ལ་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ངེས་ཡིན།

སྒེར་སྤྱོད་དང་གཏུམ་དྲག་གི་རང་བཞིན་ཤུགས་ཆེ་བའི་སྲིད་གཞུང་གི་འོག་ཏུ་གནས་པའི་མི་དམངས་མང་པོ་ཞིག་གིས་མུན་ནག་ནང་དུ་མཚན་མོའི་བྱང་གནས་སྐར་ཆེན་ལ་ཅེ་རེར་ལྟ་བ་བཞིན་ཨ་རི་ལ་རེ་བའི་མིག་གིས་ལྟ། དེ་ནི་ད་ལྟ་བར་དུ་ཨ་རིའི་ཕྱི་ཕྱོགས་ཀྱི་སྲིད་དོན་འབྲེལ་ལམ་ཁྲོད་དུ་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་གླེང་མོལ་གྱིས་གོ་གནས་གལ་ཆེན་ཞིག་བཟུང་ཡོད་པས་ཡིན།

རྒྱ་ནག་ལྟ་བུའི་སྲིད་གཞུང་དག་གིས་རང་གི་མི་དམངས་ལ་སྡུག་རྩུབ་བཀོལ་ཞིང་གཉའ་གནོན་ཚད་མེད་བྱེད་བཞིན་ཡོད་ལ། ཨ་རི་ལྟ་བུའི་དམངས་གཙོ་དང་རང་དབང་ལ་རྒྱབ་སྐྱོར་བྱེད་པར་སྣེ་ཁྲིད་པའི་སྟོབས་ཆེན་རྒྱལ་ཁབ་ཅིག་མེད་པ་ཡིན་ན་ང་ཚོའི་གནས་སྟངས་འདི་ལས་ཀྱང་ཐབས་སྡུག་པོ་ཞིག་ཡིན་ངེས།

གོང་གི་གནད་དོན་དེ་དག་སེམས་ལ་བཞག་པའི་ཐོག་ནས་སྲིད་འཛིན་ཁྲི་རམ་ལགས་ཀྱི་ཕྱི་དོན་སྲིད་བྱུས་ཀྱིས་བཙན་བྱོལ་དུ་ཡོད་པའི་བོད་པ་རྣམས་ལ་ཤུགས་རྐྱེན་ཇི་ལྟར་ཐེབས་སྲིད་པའི་སྐོར་ལ་ཐེངས་ཤིག་བལྟ། ཨ་རིའི་སྲིད་གཞུང་གིས་ཨ་སྒོར་དུང་ཕྱུར་མང་པོ་བཏང་སྟེ་འཛམ་གླིང་ཡུལ་གྲུ་ཀུན་ཏུ་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ཡོང་བར་ཤུགས་རྒྱག་བཞིན་ཡོད་ལ། བཙན་བྱོལ་གཞུང་ལ་ཡང་ལོ་རེར་ཨ་སྒོར་ས་ཡ་ ༢༠ རེ་སྤྲོད་རྒྱུ་ཡིན་པའི་སྐད་ཆ་ཞིག་ཡོད་པ་དེ་ཡང་ཨ་རིས་དམངས་གཙོ་འཕེལ་རྒྱས་ཕྱོགས་ལ་རམ་འདེགས་བྱེད་པའི་ཟུར་གཅིག་ཡིན་པ་མ་ཟད། ཨ་རིའི་རླུང་འཕྲིན་ཁང་དང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གཉིས་སུ་བོད་སྐད་དང་རྒྱ་སྐད་ཚན་པ་རེ་ཡོད་པ་འདི་ཡང་དམངས་གཙོ་འཕེལ་རྒྱས་ལ་དམིགས་པའི་ཨ་རིའི་སྲིད་བཞུང་གི་ལས་རིམ་ཞིག་རེད།

འདི་དང་འདི་འདྲ་བའི་ལས་རིམ་གྱི་ཁྲོད་དུ་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དག་ལ་ཁེ་ཕན་མི་དམན་པ་རེ་རག་བཞིན་ཡོད་མོད། འོན་ཀྱང་སྲིད་འཛིན་གསར་པ་ཁྲི་རམ་ལགས་ཀྱིས་འཛམ་གླིང་གི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་ལ་སྨན་པའི་ལས་རིམ་འདི་དག་རྒྱུན་སྐྱོང་བྱ་སྲིད་དམ།

ད་ལྟ་བར་དུ་ཁོང་གིས་གསུངས་པའི་གཏམ་བཤད་དང་ཁོང་ལ་རྒྱབ་སྐྱོར་བྱེད་པའི་མི་མང་ལ་བལྟས་ན། རྒྱལ་ཁབ་གཞན་དང་མི་རིགས་གཞན་ཕར་ཞོག་ཁོང་རང་གི་རྒྱལ་ཁབ་ཨ་རིར་གནས་པའི་གྲངས་ཉུང་མི་རིགས་རྣམས་ཀྱིས་ཀྱང་ཉིན་རེའི་འཚོ་བའི་ཁྲོད་དུ་དབྱེ་འབྱེད་དང་ཚིག་རྩུབ་ལ་གདོང་ལེན་མང་དུ་བྱ་དགོས་པར་འགྱུར་ངེས། རྒྱུ་མཚན་ནི་ཁོང་དང་ཁོང་གི་རྒྱབ་སྐྱོར་བ་རྣམས་སྐྱབས་བཅོལ་བ་དང་ཕྱི་ལོགས་ནས་ཡོང་བའི་མི་ལ་སྡང་བ་དང་གཞན་ལ་འཛིན་པའི་སྡང་སེམས་ནི་འོས་བསྡུ་འདིའི་ཁྲོད་ཀྱི་རྒྱལ་ཁ་ལེན་མཁན་ཆེ་ཤོས་དེ་ཡིན་པར་སེམས།

ཉེ་བའི་ཞིབ་འཇུག་སྙན་ཐོ་ཞིག་གིས་བཤད་པ་ལྟར་ན་ཨ་རིའི་མི་མང་ས་ཡ་ ༤༣ ཙམ་སྤྲང་བོ་གནས་སུ་ལྷུང་ཡོད་ལ། དེའི་སྟེང་དུ་དཔལ་འབྱོར་གྱི་དཀའ་ངལ་འཕྲད་བཞིན་པའི་ཨ་རི་བ་གྲངས་ལས་འདས། དཀའ་ངལ་གྱི་གནས་སུ་ལྷུང་བའི་ཨ་རི་བ་འདི་དག་གི་མང་པོ་ཞིག་གིས་ཁོང་ཚོའི་རྒྱུ་ནོར་དང་ལས་གནས་རྣམས་གཞན་གྱིས་ཁྱེར་བར་ཡིད་ཆེས་བྱེད་པ་དང་། ཁྲི་རམ་ལགས་ཀྱིས་ཀྱང་ད་ལྟ་བར་དུ་དེ་ལྟར་བཤད་པ་རེད།