ཨ་རིའི་རོགས་དངུལ་ཉུང་དུ་སོང་ཡོད་པས་ང་ཚོའི་ལས་གཞི་མང་པོ་ཞིག་ཉུང་དུ་མ་བཏང་རང་བཏང་ཆགས་ཀྱི་ཡོད་རེད།

ཕྱི་ཟླ་གསུམ་པའི་ཚེས་༧ ཉིན་བོད་ཀྱི་བརྙན་འཕྲིན་བརྒྱུད་སྐབས་༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༩ པ་འཚོགས་ལ་ཉེ་བའི་དུས་སྐབས་སུ་ཨ་རིའི་རོགས་དངུལ་མཚམས་འཇོག་གི་གནས་སྟངས་འོག་བཀའ་ཤག་གི་གྲ་སྒྲིག་ཇི་ཡོད་སོགས་ཀྱི་སྐོར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་ནས་ངོ་སྤྲོད་གསལ་བཤད་གནང་འདུག་པ་དང་། དེའི་ནང་དུ་སྲིད་སྐྱོང་ནས། ཕྱི་ཟླ་གསུམ་པའི་གྲོས་ཚོགས་དེ་རྒྱུན་ལྡན་ནས་སྔོན་རྩིས་གྲོས་ཚོགས་ཆགས་ཀྱི་ཡོད་པ་དང་། ཕྱི་ལོ་༢༠༢༥་དང་༢༠༢༦ གི་སྔོན་རྩིས་དེ་རིམ་པ་གཉིས་ཐོག་འགྲོ་གི་ཡོད་པ་སྟེ། གཅིག་དེ་ཕྱི་ཟླ་བདུན་པའི་ནང་འགྲོ་གི་ཡོད་པ་དང་། དེའི་རྒྱུ་མཚན་ནི་ཕྱི་ཟླ་༡༠ པའི་ནང་ཨ་རིའི་རོགས་དངུལ་འགོ་འཛུགས་ཀྱི་ཡོད་པས། བེད་སྤྱོད་གཏང་ཡས་དང་རྩིས་ལོ་བརྩི་སྟངས་དེ་ལྟར་འགྲོ་གི་ཡོད་པས། ཕྱི་ཟླ་བདུན་པ་ནས་གཏན་ཁེལ་ཏེ་ཕྱི་ཟླ་༡༠ པ་ནས་ལག་ལེན་བསྟར། དེའི་བཀའ་འཁྲོལ་ཐོབ་པ་དེ་དག་མང་ཆེ་བ་བར་བརྒལ་བཀའ་འཁྲོལ་ཞུས་ཏེ་འགྲོ་སོང་གཏོང་གི་རེད་ཅེས་དང་།

རྒྱ་གར་གྱི་སྔོན་རྩིས་ལོ་བརྩི་སྟངས་བྱས་ན་ཕྱི་ཟླ་༤ པའི་ཚེས་གཅིག་ནས་ཡིན་པ་དང་། སྤྱིར་བཏང་བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་བརྩི་སྟངས་དེ་དང་བསྟུན་ཅིང་བཟོ་གི་ཡོད་དུས། ང་ཚོའི་སྔོན་རྩིས་བརྒྱུད་རིམ་ནང་ལ་ལྷན་ཁང་སོ་སོའི་སྔོན་རྩིས་བཟོས་ནས་དབུས་ལྷན་ཁང་ལ་འཆར་འབུལ་བྱེད། དབུས་ནས་དཔལ་འབྱོར་ལས་ཁུངས། དཔལ་འབྱོར་ལས་ཁུངས་ནས་བཀའ་ཤག བཀའ་ཤག་ནས་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་ལ། དེ་ནས་གྲོས་ཚོགས་ཀྱིས་གཏན་འབེབས་གནང་ཡས་བཅས་ཀྱི་བརྒྱུད་རིམ་དེ་འགྲོ་དགོས་ཀྱི་ཡོད་དུས། ཁ་སང་བཀའ་ཤག་གིས་ཕྱི་ལོ་༢༠༢༥ དང་༢༠༢༦ གི་སྔོན་རྩིས་དེ་དག་ལོ་རྗེས་མ་ཕྱིའི་རོགས་དངུལ་སྔར་རྒྱུན་བཞིན་ཡོད་ཤག་བྱས་ཏེ་ཕྱི་ཟླ་༡ པོའི་ཚེས་༢༠ སྔོན་ལ་འཆར་འབུལ་ཞུས་ཡོད་པ་དང་། དེའི་རྗེས་ལ་ཨ་རིའི་སྲིད་འཛིན་ཐག་གཅོད་དང་ཨ་རིའི་གཞུང་གི་ངོས་ནས་རོགས་དངུལ་ཟླ་བ་གསུམ་རིང་བསྐྱར་ཞིབ་མ་ཚར་བར་དུ་བཀག་བསྐྱིལ་བྱེད་ཡས་དང་དངུལ་འགྲོ་སོང་གཏོང་མི་ཐུབ་པའི་ཐག་གཅོད་བྱུང་བ་རེད་ཅེས་དང་།

ཉེ་ཆར་བོད་ལོ་རྙིང་པའི་ཉི་ཤུ་༩ དང་ཕྱི་ཟླ་༢ པའི་ཚེས་༢༧ ཉིན་ང་ཚོའི་རོགས་ཚོགས་ཁག་བརྒྱུད་ནས་ཡོང་སའི་རོགས་ཚོགས་དང་ཐད་ཀར་རོགས་དངུལ་ཡོང་ཡས་དེ་དག་ཚང་མ་ལ་termination letter ལས་གནས་མཚམས་འཇོག་གི་ཡི་གེ་འབྱོར་ཡོད་པ་དང་། ད་ལྟ་ཡང་བསྐྱར་བཀའ་མོལ་གནང་གིན་གནང་གིན་ལས་ཀ་དེ་འགྲོ་སྡོད་ཀྱི་ཡོད་ཅེས་དང་། ཨ་རིའི་རོགས་དངུལ་ཉུང་དུ་སོང་ཡོད་པས་ང་ཚོའི་ལས་གཞི་མང་པོ་ཞིག་ཉུང་དུ་མ་བཏང་རང་བཏང་ཆགས་ཀྱི་ཡོད་རེད། དེ་བཏང་པ་ཡིན་ན་གནས་སྟངས་ག་རེ་ཆགས་ཀྱི་འདུག སྔོན་རྩིས་མ་དངུལ་ནས་ག་ཚོད་འགྲོ་ས་རེད། དེ་དག་ཚང་མ་ཡང་བསྐྱར་བྱེད་དགོས་དུས། རྒྱུན་ལྡན་གྱི་སྔོན་རྩིས་དང་མི་འདྲ་བར། ནམ་རྒྱུན་བཀའ་ཤག་གིས་འཆར་འབུལ་བྱས་ཚར་སོང་ན། དེ་ལ་གཅོག་ཆ་སྤར་ཆ་ཞེ་དྲག་ཡོང་གི་མེད་པ་དང་། ད་རེས་དེ་ང་ཚོས་དངུལ་རྩིས་བཟོས་ཚར་བའི་རྗེས་སུ་འགྱུར་བ་དེ་ཕྱིན་པ་དང། ཡོང་འབབ་ཉུང་དུ་འགྲོ་གི་ཡོད་དུས། ཡང་འགྲོ་གྲོན་གཏོང་ཕྱོགས་དེ་ལྟ་དགོས་དུས་སྐེད་རགས་བསྡམ་ཡས་དུས་ཚོད་དེ་ཡིན་པ་དང་། འདི་དངོས་ཡོད་གནས་ཚུལ་ཡིན་དུས་དེ་ལྟར་མ་བྱས་རང་བྱས་རེེད་ཅེས་བརྗོད་འདུག

དེ་ལ་བསྟུན་ཏེ་སྔོན་ལ་འཆར་འབུལ་ཞུས་པ་དེ་ནས་རོགས་དངུལ་རག་ཡས་མེད་པ་དེ་དག གཅོག་ཆའི་གྲོས་འཆར་བཏོན་ནས་འགྲོ་དགོས་པའི་གནས་སྟངས་དེ་ལྟར་ཆགས་ཀྱི་རེད་ཅེས་དང་། གཞན་ཡང་གྲོས་ཚོགས་ནས་ལས་རིམ་ག་རེ་ཡོད་མེད་ཤེས་ཀྱི་མེད་ཀྱང་འཛིན་སྐྱོང་གི་ངོས་ནས་ལས་བྱེད་འདེམས་བསྐོ་ལྷན་ཁང་དང་བཀའ་ཤག་གྲོས་བསྡུར་བྱས་པའི་ཐོག་ནས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་ཁག་ཅིག་བསྐྱར་བཅོས་བྱེད་དགོས་པ་དེ་དག་གྲ་སྒྲིག་ཟིན་པར་བརྗོད། བོད་མིའི་སྒྲིག་འཛུགས་འདི་ང་ཚོ་འཐབ་རྩོད་བྱེད་མཁན་མི་རིགས་ཤིག་ཡིན་པའི་ཆ་ནས། ད་ལྟ་ཡིན་ཡང་བསམ་ཡུལ་ལས་འདས་པའི་གནས་ཚུལ་དེ་འདྲ་ཡོང་གི་ཡོད་པ་དང་། མ་འོངས་པ་ཡང་འདི་འདྲ་ཡོང་མི་སྲིད་པ་གང་ཡང་མ་རེེད་ཅེས་དང་། གཞན་ཡང་སྒྲིག་འཛུགས་གནས་རྒྱུ་གལ་ཆེ་བར་བརྟེན་ང་རང་ཚོའི་ནང་ལོགས་ཆབ་སྲིད་གནས་སྟངས་གང་འདྲ་ཆགས་མིན་ལ་མ་ལྟོས་པར་སྒྲིག་འཛུགས་འདི་མུ་མཐུད་རྒྱུན་སྐྱོང་བྱས་ནས་འགྲོ་ཐུབ་ཆེད་སྒྲིག་གཞི་བསྐྱར་བཅོས་ཤིག་བཀའ་ཤག་གིས་འཁྱེར་རྒྱུ་ཡིན་པ་དང་། སྤྱི་འཐུས་རྣམ་པས་དགོངས་བཞེས་ཀྱིས་གྲུབ་འབྲས་ཡག་པོ་ཐོབ་པའི་རེ་བ་རྒྱག་གི་ཡོད་ཅེས་དང་།

ཨ་རིའི་རོགས་དངུལ་དང་འབྲེལ་ནས་བརྗོད་དོན། ཨ་རི་ནས་རོགས་དངུལ་མུ་མཐུད་རག་ཡས་ཆེད་ཡང་བསྐྱར་འབད་བརྩོན་ཞུ་དགོས་ཀྱི་ཡོད་ཀྱང་། ཨ་རིའི་གཞུང་གི་སྲིད་བྱུས་དང་ད་ལྟའི་ལས་དོན་བྱེད་ཕྱོགས་དང་འབྲེལ་བའི་ཐོག་ནས་ཨ་རིའི་རོགས་ཚོགས་USAID བརྒྱུད་ནས་ཡོང་གི་ཡོད་པ་བོད་ཀྱི་ཐེབས་རྩས་ས་ཡ་བདུན་གཅིག་དང་། ཨ་རིའི་རྒྱལ་ཡོངས་མང་གཙོ་བསྟི་གནས་ཁང་NDIབརྒྱུད་ནས་ས་ཡ་གསུམ་ཞིག དེ་བཞིན་USAID རང་གི་ལྡི་ལི་ལས་ཁུངས་བརྒྱུད་ནས་དཔེ་མཛོད་གྲངས་འཛིན་ལས་གཞི་དེ་འགྲོ་བཞིན་ཡོད་པ་དང་། དེའི་སྒང་ཨ་རིའི་རོགས་ཚོགས་PRMགྱི་ས་ཡ་གཉིས་ཡོད་པ་དང་། ད་ལྟ་USAID བརྒྱུད་ནས་དངུལ་སྤྲད་པ་ཚང་མར་མཚམས་འཇོག་གི་ཡི་གེ་བཏང་ཟིན་པ་དང་། ཡིན་ཡང་ཕྱི་སྲིད་ལས་ཁུངས་རང་གིས་ཐད་ཀར་སྟངས་འཛིན་བྱེད་ཀྱི་ཡོད་པའི་ཨ་རིའི་རོགས་ཚོགས་PRM་དང་ཨ་རིའི་རོགས་ཚོགས་DrL་དེ་དག་གི་ཁོངས་གཏོགས་ནས་རག་བསྡད་པ་ས་ཡ་གཉིས་བཅས་ཚང་མ་མུ་མཐུད་རག་ཡས་འབད་བརྩོན་བྱེད་ཀྱི་ཡོད་པར་བརྗོད་འདུག

དེ་བཞིན་དངུལ་དེ་དག་རག་ན། མི་དང་སྒྲིག་འཛུགས་ཀྱི་ནུས་པ་སྐྱེད་སྲིད་བྱེད་རྒྱུ། མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། ཤེས་ཡོན་དང་འཕྲོད་བསྟེན། ནང་སྲིད། ཆོས་རིག ཤེས་རིག་ལའང་ཏོག་ཙམ་འབྲེལ་བ་ཡོད་པར་བརྗོད་སོང་། དེ་དག་གི་སྐོར་ད་ལྟ་བསྐྱར་ཞིབ་ཅིག་བྱེད་བཞིན་ཡོད་པས་དོ་དགོང་དངུལ་འབོར་དེ་ཧ་གོ་འགྲོ་གི་ཡོད་པ་དང་། སང་ཉིན་ཡང་བསྐྱར་བཀའ་ཤག་འཚོག་རྒྱུ་ཡིན་པ་དང་། སྐབས་དེར་དཔལ་འབྱོར་བཀའ་བློན་གྱི་སྔོན་འགྲོའི་གཏམ་བཤད་ཀྱང་བཟོ་བཅོས་བྱ་དགོས་པར་བརྗོད། གཞན་ཡང་། ང་ཚོའི་འཐབ་རྩོད་བརྒྱུད་རིམ་ནང་གནས་ཚུལ་བཟང་ངན་སྣ་ཚོགས་ཤིག་ཡོང་གི་ཡོད་པ་དང་། ད་ལྟའི་གནས་སྟངས་དེ་ཟློག་ཏུ་མེད་པ་ང་ཚོའི་བསམ་ཡུལ་ལས་འདས་པ་ཞིག་བྱུང་ཡང་། དེས་ང་ཚོ་བློ་ཞུམ་ནས་བསྡད་དགོས་ཡས་གང་ཡང་མེད་པ་དང་། གནས་སྟངས་ལ་དཔག་པའི་གོམ་པ་ག་རེ་རྒྱག་རྒྱུར་བསམ་མནོ་གཏོང་དགོས་པ། མང་ཚོགས་ཀྱི་ངོས་ནས་ང་ཚོའི་ལས་གཞི་ཁག་ཅིག་ཕྱི་ལོ་༢༠༢༥་དང་༢༠༢༦ ནང་བང་བསྒྲིགས་ཡོད་ཀྱང་དགོས་མཁོའི་ཆ་ནས་གནས་འགག་དེ་ཙམ་ཆགས་ཀྱི་མེད་ན་ཕར་འགྱངས་བྱེད་དགོས་པའི་གནས་སྟངས་ཡོང་གི་ཡོད་པ་དང་། དེ་ཚོ་དགོངས་པ་བཞེས་དགོས་པ། བཀའ་ཤག་གིས་རིམ་པས་ག་རེ་བྱེད་དགོས་མིན་ཐད་ད་ལྟ་གོ་བསྡུར་བྱེད་བཞིན་ཡོད་སྐོར་དང་། མང་ཚོགས་ཀྱི་ངོས་ནས་བསམ་ཚུལ་ཤུགས་ཆེན་པོ་ཡོང་གི་ཡོད་པ་དེ་འདྲའི་ཐོག་ལས་གཞི་ཞིག་སྤེལ་དགོས་ཀྱི་འདུག་མི་འདུག་རིམ་པས་བཀའ་ཤག་འཚོགས་ཏེ་ཐག་བཅད་ནས་ལས་གཞི་སྤེལ་ཡོང་གི་ཡིན་པར་བརྗོད་འདུག

གསར་འགོད་པ། བསྟན་འཛིན་ལམ་བཟང་།