ཨ་རིའི་རོགས་ཚོགས་(USAID)ཡི་རོགས་དངུལ་བརྒྱ་ཆ་༨༠ ལྷག་མེད་པ་བཟོས་ཡོད་འདུག

ཨ་རིས་འཛམ་གླིང་ཕྱོན་ཡོངས་སུ་རྒྱལ་ཁབ་མང་པོ་ཞིག་ལ་རོགས་དངུལ་ཕོན་ཆེན་པོ་གནང་གི་ཡོད་ཀྱང་། ཉེ་ཆར་རོགས་དངུལ་བཀག་ནས་བདུན་ཕྲག་དྲུག་རིང་བསྐྱར་ཞིབ་བྱས་རྗེས། ཨ་རིའི་ཕྱི་སྲིད་དྲུང་ཆེ་ཡིས་ཨ་རིའི་རོགས་དངུལ་བརྒྱ་ཆ་༨༠ ལྷག་མཚམས་འཇོག་བྱེད་རྒྱུ་ཡིན་པ་གཞུང་འབྲེལ་གྱིས་གསལ་བསྒྲགས་སྤེལ་ཡོད་འདུག་པ་དང་། དེའི་ནང་དུ་ད་བར་རོགས་དངུལ་སྤྲད་པ་བཞིན་ཨ་རིའི་གཞུང་གི་ལངས་ཕྱོགས་སམ་མངོན་འདོད་དང་མཐུན་པའི་གྲུབ་འབྲས་ཤིག་ཐོན་མེད་པས་མཚམས་འཇོག་བྱེད་རྒྱུ་ཡིན་པར་བརྗོད་འདུག

ཕྱི་ཚེས་༡༠ ཉིན་གསར་ཁང་ཁག་ནས་གནས་ཚུལ་ཐོན་གསལ་ལྟར་ན། ཁ་སང་ཨ་རིའི་ཕྱི་སྲིད་དྲུང་ཆེ་(Marco Rubio )ཡིས་x ཨེ་ཀེ་སི་སྤྱི་ཚོགས་བརྒྱུད་ལམ་ཐོག་གནས་ཚུལ་ཞིག་སྤེལ་ཡོད་པ་དང་། དེའི་ནང་ད་བར་ཨ་རིའི་གཞུང་གིས་འཛམ་གླིང་གང་སར་དུ་ཡོད་པའི་རྒྱལ་ཁབ་འདྲ་མིན་མང་པོ་ཞིག་ལ་དུས་ཡུན་རིང་པོ་ནས་རོགས་དངུལ་ཨ་སྒོར་ཐེར་འབུམ་མང་པོ་ཞིག་སྤྲད་ཡོད་ཀྱང་། ཨ་རིའི་མངོན་འདོད་དང་མཐུན་པའི་གྲུབ་འབྲས་ཐོན་མེད་པ་དང་། དེ་ལས་ལྡོག་སྟེ་ཨ་རིའི་མངོན་འདོད་ལ་གནོད་པའི་བྱ་སྤྱོད་མང་པོ་ཞིག་སྤེལ་བཞིན་འདུག་པས་མཚམས་འཇོག་རྒྱུ་ཡིན་པར་བརྗོད་འདུག་པ་དང་། ལྷག་མ་རྣམས་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ཁོངས་ནས་སྤྲོད་རྒྱུ་ཡིན་པར་བརྗོད་འདུག གོ་ལའི་ཁྱོན་ཡོངས་སུ་ཨ་རིའི་ངོས་ནས་མི་སྤྱོད་དགེ་རྩའི་རོགས་རམ་མང་པོ་ཞིག་སྤྲོད་ཀྱི་ཡོད་པ་དག  ད་ཆར་མེད་པ་བཟོས་པའི་རྐྱེན་གྱིས་རྒྱལ་ཁབ་མང་པོ་ཞིག་གི་ནང་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་ཡོད་པས་སྐྱོན་བརྗོད་དང་སྡུག་སྐད་ཤོར་མཁན་མང་པོ་ཡོད་འདུག

དམིགས་བསལ་རྒྱལ་ཁབ་འགའ་ཤས་ནང་ནད་ཡམས་སྔོན་འགོག་གི་སྨན་དང་། དམག་འཁྲུག་ཁྲོད་ཟས་ཀྱི་རོགས་རམ། ལོ་ཏོག་ཡག་པོ་མེད་པའི་ལུང་པ་འགའ་ཤས་ནང་འབྲུ་རིགས་ཀྱི་རོགས་རམ་སོགས་རོགས་རམ་མང་པོ་ཞིག་མེད་པ་བཟོས་ཡོད་པར་བརྟེན། ནད་པ་མང་པོ་ཞིག་ད་ཆར་འདས་གྲོངས་སུ་འགྱུར་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པ་དང་། གཞན་རོགས་རམ་དགོས་མཁན་ཚོ་ལ་དཀའ་ངལ་ཆེན་པོ་འཕྲད་རྒྱུ་ཡིན་པ་སོགས་ཀྱིས་ཊོམ་སྲིད་གཞུང་ལ་སྐྱོན་བརྗོད་བྱེད་མཁན་མང་པོ་ཡོད་འདུག  དཔེ་མཚོན་གཅིག་ལ་དཀྱིལ་ཤར་ཡུལ་གྲུའི་(Sudan)སུ་ཌན་རྒྱལ་ཁབ་ནང་དུས་ཡུན་རིང་པོའི་གོང་ནས་ནང་འཁྲུག་གིས་རྐྱེན་པས་མི་མང་མང་པོ་ཞིག་ཟས་མེད་པའི་དཀའ་ངལ་འཕྲད་བཞིན་ཡོད་འདུག་པ་དང་། དེ་དག་ལ་ཨ་རིའི་ངོས་ནས་མི་མང་སྤྱི་ཐབ་༡༡༠༠ ཙམ་ལ་འབྲུ་རིགས་དང་ཟས་ཉོ་ཆེད་རོགས་རམ་བྱེད་ཀྱི་ཡོད་འདུག་ཀྱང་། ད་ཆར་དེ་དག་བཀག་ཟིན་ཡོད་འདུག 

དེ་བཞིན་ཨ་ཧྥི་གྷ་ནི་སི་ཐན་སྲིད་གཞུང་ཏ་ལི་པང་དྲག་སྤྱོད་ཚོགས་པས་བཙན་བཟུང་བྱེད་དུས་ཨབ་གྷན་གྱི་བུད་མེད་མང་པོ་ཞིག་ཨོ་མན་(Oman)ཞེས་པའི་རྒྱལ་ཁབ་ནང་བྲོས་བྱོལ་དུ་ཡོང་ནས་སྐྱབས་བཅོལ་ཞུས་ཡོད་འདུག་ཅིང་། ཁོང་ཚོར་ཨ་རིའི་གཞུང་གིས་ཤེས་ཡོན་དང་འཚོ་གནས་སོགས་ལ་རོགས་རམ་བྱེད་ཀྱི་ཡོད་འདུག་ཀྱང་། ད་ཆར་དེ་དག་མེད་པ་གྱུར་ཡོད་འདུག ད་དུང་རྒྱ་གར་ནང་དུ་ཡང་མཚན་མ་བརྗེ་སྒྱུར་(transgender)བྱེད་མཁན་ཚོ་ལ་ཡང་རོགས་རམ་གནང་གི་ཡོད་པ་དག་བཀག་ཡོད་འདུག   ཚོད་དཔག་བྱས་ན་མི་ས་ཡ་གཉིས་ཙམ་ལ་དོ་ཕོག་བཏང་ཡོད་པར་བརྗོད་འདུག

ཨ་རིའི་སྲིད་འཛིན་ཊོམ་གྱིས་ཁོང་གི་དུས་ཡུན་གཉིས་པའི་སྐབས་སུ་ཡང་ཨ་རི་དང་པོ་ཡིན་པ་དང་། རྒྱལ་ཁབ་ཀྱི་ཕྱི་ཕྱོགས་སུ་གཏོང་བཞིན་པའི་རོགས་རམ་རྣམས་ནི་ཨ་རིའི་མི་མང་གི་དཔྱ་ཁྲལ་ཡིན་པས། དེ་དག་གཞན་ལ་སྤྲད་ན་འགྲིག་གི་མེད་པས། དེ་ཚོ་འགོག་རྒྱུ་ཡིན་ཚུལ་བརྗོད་པ་བཞིན་ད་ཆར་བརྒྱ་ཆ་༨༠ ལྷག་བཀག་ཟིན་ཡོད་འདུག་ལ། ཨ་རིའི་རོགས་དངུལ་(USAID)བགོ་འགྲེམས་བྱེད་མཁན་གྱི་ལས་བྱེད་༡༦༠༠༠ མེད་པ་བཟོས་ཡོད་འདུག་ཅིང་། ད་ཆར་༢༠༠ ལྷག་ཙམ་ལས་ཡོད་མི་འདུག ཕྱི་སྲིད་དྲུང་ཆེ་(Marco Rubio )ཡིས་x ཨེ་ཀེ་སི་སྤྱི་ཚོགས་བརྒྱུད་ལམ་ཐོག་ཏུ། ད་ཆར་ཨ་རིའི་རོགས་རམ་དེ་གཞུང་འབྲེལ་ཐོག་ནས་མཚམས་འཇོག་བྱེད་རྒྱུ་ཡིན་པ་དང་། རོགས་དངུལ་དེ་དག་གི་ཁོངས་ནས་ལས་གཞི་༥༢༠༠ ཙམ་ནས་༦༢༠༠ ཙམ་ཡོད་པ་དེ་དག་ཚང་མ་མཚམས་འཇོག་བྱེད་རྒྱུ་ཡིན་པ་དང་། ལྷག་མ་རྣམས་ཨ་རིའི་ཕྱི་སྲིད་ལྷན་ཁང་ཁོངས་སུ་འཇོག་རྒྱུ་ཡིན་པར་བརྗོད་འདུག 

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་ཕྱི་ཚེས་༨ ཉིན་གསར་འགོད་པར་བརྗོད་དོན་ལ། ཨ་རིའི་གཞུང་ནས་བཙན་བྱོལ་ནང་ཡོད་པའི་བོད་མི་ཚོ་ལ་ཁྱོན་ས་ཡ་༡༤ ལོ་ལྔ་ཚན་རེ་ལ་གནང་གི་ཡོད་པ་དང་། དེ་དག་གི་ཁོངས་ནས་ས་ཡ་གཉིས་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་བལ་ཡུལ་དང་རྒྱ་གར་ནང་དུ་ཡོད་པའི་བོད་མི་ཚོ་ལ་Population, Refugees, Migration (PRM)མི་འབོར། སྐྱབས་བཅོལ་བ། གནས་སྤོ་བ་བཅས་ཀྱི་ཁོངས་ནས་རོགས་རམ་སྤྲོད་ཀྱི་ཡོད་པ་བཞིན་མུ་མཐུད་ནས་གནང་རྒྱུ་ཡིན་པའི་གསལ་བསྒྲགས་འབྱོར་ཡོད་ཅིང་། ད་དུང་ས་ཡ་༡༢ འགག་ཡོད་པར་བརྗོད་འདུག སྲིད་སྐྱོང་གིས་ད་ལྟ་ཨ་རིའི་སྲིད་གཞུང་ནང་འགྱུར་བ་ཆེན་པོ་ཞིག་འགྲོ་བཞིན་ཡོད་པ་དང་། འགྱུར་བ་དེ་དག་ལྷིང་འཇགས་ཤིག་ཆགས་དུས་སུ་ཨ་རིའི་དོན་གཅོད་དང་རྒྱལ་སྤྱིིའི་བོད་དོན་ལས་འགུལ་ཁང་བཅས་ཀྱིས་ཞུ་གཏུགས་དང་ཐབས་ཤེས་བྱས་ནས་ལྷག་མ་རྣམས་རྒྱུན་གནས་ཐུབ་ཐབས་འབད་བརྩོན་བྱེད་རྒྱུ་ཡིན། འོན་ཀྱང་། བོད་མིའི་སྒྲིག་འཛུགས་ཀྱི་འགན་འཁུར་མཁན་ཚོ་ཡིན་ན་འདྲ། མི་མང་ཡིན་ན་འདྲ། དངུལ་གྱི་ཡོང་འབབ་ཉུང་དུ་འགྲོ་དུས་སྐེད་རགས་དམ་དུ་བཏང་ནས། ཕྱི་ལོ་༢༠༢༥ དང་༢༠༢༦ ལོའི་ལས་གཞིའི་ཁོངས་ནས་དགོས་ངེས་ཀྱི་ལས་གཞི་རྣམས་བཞག་ནས་གཞན་དགོས་ངེས་མེད་པ་རྣམས་མེད་པ་བཟོ་རྒྱུ་ཡིན་པ་བརྗོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།