ཨ་རིའི་རྒྱབ་སྐྱོར་གལ་ཆེན་པོ་ཡིན་ནམ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༠༠ ཕྱི་ལོ་ ༢༠༡༦/༦/༢༢
ཉེ་བའི་ཆར་གཞིས་བྱེས་བོད་མི་ཡོངས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་དང་། ཨ་རིའི་སྲིད་འཛིན་ཨོ་བྷ་མ་རྣམ་གཉིས་མཇལ་འཕྲད་གནང་ཡོད་ཅིང། ཨ་རིའི་གཞུང་ནི་བོད་དོན་ལ་རྒྱབ་སྐྱོར་ཆེ་ཤོས་གྲས་ཤིག་ཡིན་པ་མ་ཟད། ལྷག་པར་དུ་བཙན་བྱོལ་བོད་མི་ལ་རྒྱབ་སྐྱོར་ཆེན་པོ་ཡོད་པའང་སྨྲོས་མ་དགོས་པར་ཚང་མའི་ཤེས་གསལ་དུ་གྱུར་ཡོད། དེ་བཞིན་ཨ་རིའི་སྲིད་འཛིན་མང་པོ་ཞིག་གིས་རྒྱ་གཞུང་གི་ཁ་རྡུང་དང་གནོན་ཤུགས་ལ་མ་ལྟོས་པར་སྔ་རྗེས་སུ་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་འཕྲད་གནང་ཡོད་པ་དང། བྱེད་སྟངས་དེ་ནི་བོད་མི་རིགས་ཀྱི་ལར་ཞེན་ཐོག་ནས་བསམ་བློ་བཏང་ན་ཧ་ཅང་གལ་གནད་ཆེན་པོ་ཞིག་ཏུ་གྱུར་ཡོད་པར་བརྟེན། བོད་པ་ཞིག་ཡིན་པའི་ངོས་ནས་བཤད་ན་དུས་ནམ་ཡང་གནད་དོན་འདིའི་ཐོག་ནས་ཨ་རིའི་སྲིད་འཛིན་དང་ཨ་རིའི་མི་མང་ལ་ཐུགས་རྗེ་ཆེ་ཞེས་ཞུ་འོས་པ་ཞིག་རེད།
འོན་ཀྱང་“བོད་དེ་རྒྱ་ནག་གི་ཆ་ཤས་སུ་ངོས་འཛིན་བྱེད་བཞིན་”པ་དང། “བོད་རང་བཙན་ལ་ཨ་རིའི་གཞུང་གིས་རྒྱབ་སྐྱོར་བྱེད་ཀྱི་མེད་”ཅེས་སྔ་རྗེས་སུ་བསྒྲགས་པ་དེ་མ་འོངས་པ་དང་ད་ལྟའི་གནས་སྟངས་ཙམ་མ་ཡིན་པ་ཧ་ཅང་གསལ་པོ་རེད། ༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་གཉིས་ཀའི་ངོས་ནས་མ་འོངས་པར་རང་བཙན་རྩོད་ཀྱི་མིན་པ་ཧ་ཅང་གསལ་པོར་གྱུར་ཟིན་པ་དང། བོད་དེ་རྒྱ་དམར་གཞུང་གི་བཙན་གནོན་འོག་ཡོད་སྟབས་ད་ལྟའི་གནས་སྟངས་ཀྱི་ཆ་ནས་བོད་རང་བཙན་གྱི་སྐད་ཆ་དེ་བཤད་དགོས་དོན་མེད། སྐབས་འདིར་གོ་དགོས་པ་གཙོ་བོ་ནི་འདས་པའི་ལོ་རྒྱུས་ནང་བོད་རྒྱ་ནག་གི་ཆ་ཤས་སུ་ཁས་ལེན་བྱས་པ་དེ་རེད། སྔོན་མ་ཨ་རིའི་སྲིད་འཛིན་མང་པོས་དེ་ལྟར་བརྗོད་ཡོད་པ་དང། ཨ་རིའི་སྲིད་གཞུང་གི་ཡུན་རིང་ནས་བཟུང་བའི་སྲིད་བྱུས་འདིའི་ཐོག་ནས་བཤད་ན་བོད་མི་རིགས་ཀྱི་ངོས་ནས་དུས་ནམ་ཡང་ལངས་ཕྱོགས་དེ་ལ་དགའ་བསུ་ཞུ་རྒྱུ་གཏན་ནས་མེད་པ་མ་ཟད། ཨ་རིའི་གཞུང་གིས་བྱེད་སྟངས་དེ་དངོས་ཡོད་གནས་ཚུལ་དང་མི་མཐུན་པས་བློ་ཕམ་གྱི་རང་བཞིན་དུ་གྱུར་ཡོད།
དེ་བཞིན་འཛམ་བུའི་གླིང་གི་རྒྱལ་ཁབ་ཁག་གིས་བོད་དོན་རྒྱབ་སྐྱོར་གྱི་སྐད་ཆ་བཤད་པའི་སྐབས་སུ་མང་ཆེ་བ་རྒྱལ་ཁབ་སོ་སོའི་རྩ་བའི་ཁེ་ཕན་གཞི་རྩར་བཞག་ནས་བཤད་པ་ལས། བོད་པ་རང་གི་གནད་དོན་གཞི་རྩར་བཞག་ནས་བཤད་མཁན་ནི་ཧ་ཅང་ཉུང་ཉུང་ཡིན་པ་དང། དཔེར་ན་ཨ་རིའི་གཞུང་ནས་བོད་རྒྱ་ནག་གི་ཆ་ཤས་ཡིན་པར་ངོས་འཛིན་བྱེད་དང་བྱེད་བཞིན་པ་ལྟ་བུ་རེད། དབུ་མའི་ལམ་དང་བོད་པ་ལ་རྒྱབ་སྐྱོར་ཡོད་པའི་བསམ་ཚུལ་ཡང་བཤད་བཞིན་པ་འདིའི་ཐོག་ནས་བལྟས་ན། རྩ་དོན་རང་གི་ཐོག་ནས་རྒྱ་གཞུང་ལ་རྒྱབ་སྐྱོར་དང། ཞོར་དུ་བོད་པ་ལའང་ཆབ་སྲིད་ཀྱི་ཐོག་ནས་རྒྱབ་སྐྱོར་ཡོད་པའི་རྣམ་པ་ཙམ་བསྟན་པ་དེ་ནི། རྒྱལ་ཁབ་སོ་སོའི་ཁེ་ཕན་གཞི་རྩར་བཞག་པའི་ཐོག་ནས་བྱས་པ་ཞིག་ཡིན་པ་དེ་སྨྲོས་མ་དགོས་པ་རེད། དེར་བརྟེན་ཆབ་སྲིད་ཀྱི་ཐོག་ནས་རང་གཙོ་བོ་བྱེད་པ་དང། ཆོས་ལུགས་ཀྱི་ཐོག་ནས་གཞན་གཙོ་བོ་བྱེད་པའི་ལྟ་གྲུབ་འདི་ཡང་ཡོངས་ཁྱབ་རང་བཞིན་ཡིན་པས་དམིགས་བསལ་འགྱུར་བ་གཏོང་ཐུབ་པ་ཞིག་ཀྱང་གཏན་ནས་མ་རེད།
དབུ་མའི་ལམ་ལ་ཨ་རིའི་གཞུང་གི་རྒྱབ་སྐྱོར་འདི་དོན་གྱིས་དགོས་མཁོ་ཆེན་པོ་ཞིག་ཡིན་མིན་ཐོག་ནས་ཀྱང་བསམ་བློ་ངེས་པར་དུ་གཏོང་དགོས་པ་ཞིག་རེད། ཨ་རིའི་གཞུང་གིས་ལོ་རྒྱུས་ཐོག་ནས་བོད་རྒྱ་ཁོངས་སུ་ཁས་ལེན་བྱས་ཟིན་པ་དང། བོད་པའི་ངོས་ནས་ཀྱང་“རྒྱུན་འཁྱོངས་གསུམ་”ཁས་ལེན་གྱིས་རྒྱ་གཞུང་དང་ཁ་འབྲལ་ཐབས་མེད་པའི་ཆ་ཤས་བྱ་རྒྱུ་ཡིན་པ་ཡིག་ཐོག་ནས་སྤྲད་ཟིན་པ་རེད། དེར་བརྟེན་གནད་དོན་དེ་ཐག་གཅོད་བྱེད་དང་མི་བྱེད་རྒྱ་དམར་གཞུང་ཁོ་ནའི་ལག་ཏུ་ཡོད་པ་ལས། རྒྱལ་སྤྱི་དང་འབྲེལ་བ་ཡོད་པའི་གནད་དོན་ཞིག་ཏུ་མཐོང་དཀའ། དེར་བརྟེན་འཛམ་གླིང་ཤར་ནུབ་ཀྱི་རྒྱབ་སྐྱོར་འཚོལ་བ་ལས། རེ་བ་ཡོད་ཀྱང་མེད་ཀྱང་རྒྱ་དམར་གཞུང་རང་དང་མེས་ཚིག་མེར་གཏུག་ཟེར་བ་བཞིན་བྱེད་དགོས་པ་གལ་ཆེན་པོར་གྱུར་ཡོད། ཕྱོགས་གཅིག་ནས་བཤད་ན་གནས་སྟངས་འདི་ལ་རྒྱལ་སྤྱིའི་རྒྱབ་སྐྱོར་གྱིས་ཕན་པའི་ཚབ་ལ་གནོད་དུ་གྱུར་པའང་ཡོད་སྲིད་པས། རྒྱལ་སྤྱིའི་རྒྱབ་སྐྱོར་དེ་བོད་པའི་འཐབ་རྩོད་ནང་གལ་གནད་ཆེ་ཆུང་གང་འདྲ་ཞིག་ཡིན་མིན་ངེས་པར་དུ་བསམ་བློ་གཏོང་དགོས་པ་ཞིག་རེད་སྙམ།
མདོར་ན་གོང་དུ་རྒྱལ་སྤྱིའི་རྒྱབ་སྐྱོར་གལ་ཆེན་པོ་ཡིན་མིན་གྱི་གནད་དོན་དེ་“རྒྱུན་འཁྱོངས་གསུམ་”ཟེར་བ་ཁས་ལེན་གྱིས་རྒྱ་ནག་གི་རྩ་ཁྲིམས་ཁོ་ནའི་འོག་ཏུ་སྡོད་རྒྱུ་གཏན་འཁེལ་ཟིན་པའི་རྗེས་སུ་བསམ་བློ་གཏོང་དགོས་པ་ཞིག་ཡིན་པ་ལས། བོད་ཀྱི་བདག་དབང་སླར་གསོ་དང། རྒྱ་གཞུང་གི་ངོ་འཚོ་དགོས་པའི་གནད་དོན་གཏན་ནས་མེད་ན་རྒྱལ་སྤྱིའི་རྒྱབ་སྐྱོར་དེ་བོད་པའི་རྩ་དོན་འཐབ་རྩོད་ཁྲོད་ཧ་ཅང་གལ་གནད་ཆེན་པོ་ཞིག་ཏུ་གྱུར་ཡོད། གནད་དོན་འདི་གཉིས་ཀྱི་བར་དུ་དབྱེ་ཞིབ་བྱེད་དགོས་པ་དང། གསལ་ཁ་གཏོད་དགོས་པ་མང་པོ་ཞིག་ཡོད་ངེས་པ་ལྟ་བུར་མཐོང་ཡང། ད་ལྟ་བཙན་བྱོལ་བོད་པའི་སྤྱི་ཚོགས་འདི་ཉིད་ཁ་ཙམ་མ་གཏོགས་བོད་ཀྱི་བདག་དབང་སླར་གསོའི་ལངས་ཕྱོགས་ཁ་གསལ་དང། བྱེད་ཕྱོགས་བརྟན་པོ་ཡོད་མཁན་ཧ་ཅང་དཀོན་པས་སྐབས་སོ་སོར་འཕྲལ་སེལ་གྱི་བསམ་བློ་གཏོང་བ་ཙམ་ལས་མེད་པ་ལྟ་བུར་གྱུར་ཡོད་པ་མ་ཟད། མི་མང་པོ་ཞིག་ནི་བོད་སྤྱི་པའི་རྩ་དོན་ལ་བསམ་བློ་གཏན་ནས་མི་གཏོང་མཁན་དུ་གྱུར་དང་འགྱུར་བཞིན་འདུག།།