ཨ་རིའི་རྫོང་གྲོང་ཁག་ཅིག་གིས་གསུམ་བཅུའི་དུས་དྲན་ཉིན་མོ་དེ་བོད་ཀྱི་ཉིན་མོར་གཏན་འབེབས་གནང་འདུག

ནུབ་ཕྱོགས་རྒྱལ་ཁབ་ཁག་ནང་གི་བོད་མི་གནས་སྡོད་བྱེད་ཡུལ་རྫོང་དང་གྲོང་སྡེ་འགའ་ཤས་སུ་གསུམ་བཅུའི་དུས་དྲན་ཉིན་མོ་དེ་བོད་ཀྱི་ཉིན་མོར་གཏན་འབེབས་བྱས་ཡོད་འདུག་པ་བཞིན། ཨ་རིའི་ནང་དུ་ཡོད་པའི་རྫོང་དང་གྲོང་སྡེ་གཉིས་ཀྱིས་ཀྱང་གསུམ་བཅུའི་དུས་དྲན་དེ་བོད་ཀྱི་ཉིན་མོ་ཞེས་གཏན་འབེབས་བྱས་ཡོད་འདུག

ཕྱི་ཚེས་༡༢ ཉིན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་མི་རི་ཀའི་ནུབ་ཕྱོགས་ཀྱི་ཀེ་ལི་ཕོར་ནིའི་མངའ་སྡེ་ནང་གི་སན་ཊ་བྷར་བྷ་ར་ (Santa Barbara) རྫོང་གིས་ཕྱི་ལོ་༢༠༢༥ ལོའི་ཕྱི་ཟླ་༣ ཚེས་༡༠ སྟེ་བོད་མིའི་སྒེར་ལངས་གསུམ་བཅུའི་དུས་དྲན་ཉིན་དེ་བཞིན་རྫོང་དེའི་ནང་བོད་ཀྱི་ཉིན་མོར་སྲུང་བརྩི་ཞུ་རྒྱུ་ཡིན་པ་མ་ཟད། ཕྱི་ཟླ་༣ ཚེས་༢༠ ཉིན་རྫོང་གི་ལས་ཁུངས་མདུན་དུ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་ཉིན་གསུམ་རིང་བསྒྲེངས་འཛུགས་ཞུ་རྒྱུའི་གྲོས་ཆོད་ཞིག་ཕྱི་ཟླ་༣ ཚེས་༡༡ རེས་གཟའ་མིག་དམར་ཉིན་གཏན་འབེབས་གནང་འདུག
གཞན་ཡང་ཀེ་ལི་ཕོར་ནིའི་ནང་གི་སན་ཊ་བྷར་བྷ་ར་ (Santa Barbara) གྲོང་ཁྱེར་ལས་ཁུངས་ཀྱི་ངོས་ནས་གསུམ་བཅུའི་དུས་དྲན་ནི་ལོ་ངོ་༦༦ གོང་རྒྱ་ནག་གིས་བོད་ས་བཙན་བཟུང་བྱེད་སྐབས་བོད་ནང་གི་བོད་མི་སྟོང་ཚོ་མང་པོས་རྒྱ་ནག་ལ་ཁ་གཏད་ངོ་རྒོལ་བྱས་པར་རྗེས་དྲན་གྱི་ཉིན་མོ་ཡིན་པས། དེ་ལ་གདུང་སེམས་མཉམ་སྐྱེད་དང་ཆེ་བསྟོད་བཅས་ཞུ་ཆེད་གྲོང་ཁྱེར་དེའི་ནང་བོད་ཀྱི་ཉིན་མོ་སྲུང་བརྩི་ཞུ་རྒྱུ་ཡིན་པ་གཏན་འབེབས་གནང་ཡོད་པ་སན་ཊ་བྷར་བྷ་ར་གྲོང་ཁྱེར་ནང་གནས་བཞུགས་ཐེ་པོ་རིན་པོ་ཆེ་ཡིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་ཡོད་འདུག

དེ་བཞིན་ཨ་མི་རི་ཀའི་མི་ནི་སོ་ཊ་(Minnesota)མངའ་སྡེའི་གྲོང་ཁྱེར་(Columbia Heights)གྲོང་སྡེ་ལས་ཁུངས་ཀྱིས་ཕྱི་ལོ་༢༠༢༥ ལོའི་ཕྱི་ཟླ་༣ ཚེས་༡༠ ཉིན་དེ་བཞིན་བོད་ཀྱི་ཉིན་མོར་ཡོངས་ཁྱབ་གསལ་བསྒྲགས་གནང་བ་དང་། ཉིན་དེ་ནི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ཕྱི་ལོ་༡༩༥༩ ལོའི་བོད་མིའི་རང་དབང་སྒེར་ལངས་ཀྱི་དུས་དྲན་ཉིན་མོ་ཡིན་པའི་བསྒྲགས་གཏམ་སྤེལ་གནང་ཡོད་པ་དང་། སྐབས་དེར་གྲོང་སྡེ་ལས་ཁུངས་ནང་མི་ནི་སོ་ཊ་ས་གནས་བོད་ཀྱི་གཞོན་ནུའི་ཚོགས་ཟུར་འཇིགས་མེད་ཨྱོན་ལགས་ཀྱིས་༡༩༥༩ ལོའི་བོད་མིའི་རང་དབང་སྒེར་ལངས་དང་འབྲེལ་བའི་སྐབས་དེའི་བོད་ནང་གི་གནས་སྟངས་དང་། བོད་ནང་གི་བོད་མི་ཚོས་རང་སྲོག་བློས་གཏོང་གིས་རྒྱ་ནག་ལ་ངོ་རྒོལ་གནང་བ། ལོ་ངོ་༦༦ གི་རྗེས་ཀྱི་ད་ལྟའི་བོད་ནང་གི་གནས་སྟངས་སོགས་ངོ་སྤྲོད་གནང་ཡོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།