ཨ་རིའི་རླངས་འཁོར་ཚོང་ལས་ཁང་ཁག་ཅིག་གིས་ཊོམ་སྲིད་གཞུང་ཁྲིམས་ལ་སྦྱར་འདུག
ཨ་རི་དང་རྒྱ་ནག་བར་གྱི་ཚོང་དམག་ཁྲོད། ཨ་རིའི་རླངས་འཁོར་བཟོ་སྐྲུན་ཚོང་ལས་ཁང་ཚོས་ཊོམ་སྲིད་གཞུང་གིས་ཁྲིམས་འགལ་ཐོག་ནས་རྒྱ་ནག་གི་ཐོན་རྫས་ཁག་ཅིག་ལ་སྒོ་ཁྲལ་བརྒྱབ་ཡོད་པའི་ཁྲིམས་གཏུག་བྱས་ཡོད་འདུག
ཟླ་༩ པའི་ཚེས་༢༤ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨ་རི་ནང་གི་རླངས་འཁོར་བཟོ་སྐྲུན་གྱི་ཚོང་ལས་ཁང་ཆེ་གྲས་Tesla, Volvo, Ford, Mercedes-Benz བཅས་ཀྱིས་བདུན་ཕྲག་འདིའི་ནང་ནིའུ་ཡོག་ཏུ། ཊོམ་སྲིད་གཞུང་གི་ཚོང་འབྲེལ་སྐུ་ཚབ་ཀྱི་མིང་ཐོག་ནས་ཁྲིམས་ཁང་དུ་ཞུ་གཏུག་བྱས་འདུག
དེ་ཡང་ཞུ་སྦྱོར་བ་ཚོས་བརྗོད་དོན་ལྟར་ན། ཊོམ་སྲིད་གཞུང་གིས་རྒྱ་ནག་ནས་ནང་འདྲེན་བྱེད་ཀྱི་ཡོད་པའི་ཐོན་རྫས་ཁག་ཅིག་ལ་སྒོ་ཁྲལ་བརྒྱ་ཆ་༢༥ བརྒྱབ་ཡོད་པ་དེ་ནི་ཁྲིམས་མེད་ལུགས་མེད་དང་ཐག་གཅོད་ཀྱི་དབང་ཚད་ལོག་སྤྱོད་བྱས་པ་ཡིན་སྐོར་བརྗོད་འདུག
(Tesla) ཚོང་ལས་ཁང་གིས་ལོ་སྔོན་མར་ཊོམ་སྲིད་གཞུང་ལ་ཚོང་ལས་ཁང་དེས་རྒྱ་ནག་ནས་ནང་འདྲེན་བྱེད་ཀྱི་ཡོད་པའི་རླངས་འཁོར་བཟོ་སྐྲུན་གྱི་འཕྲུལ་ཆས་མ་ལག་རྣམས་ལ་སྒོ་ཁྲལ་མི་རྒྱག་པའི་རེ་སྐུལ་བྱས་འདུག་ཀྱང་རྒྱབ་སྐྱོར་ཐོབ་མེད་འདུག ཚོང་ལས་ཁང་དེས་ཊོམ་སྲིད་གཞུང་ནས་སྒོ་ཁྲལ་རྣམས་ཕྱིར་འཐེན་དང་། དེ་སྔོན་སྒོ་ཁྲལ་བརྒྱབ་པའི་དངུལ་འབོར་རྣམས་དང་སྐྱེད་ཀ་ཕྱིར་སློག་བྱེད་དགོས་སྐོར་བརྗོད་ཡོད་འདུག
(Mercedes)ཚོང་ལས་ཁང་གིས་ཨ་རིའི་ཁྲིམས་ཀྱིས་སྲིད་གཞུང་ལ་ཚོང་དམག་ཆེན་པོ་ཞིག་དུས་ཚོད་རིང་པོ་ག་ཚོད་རྒྱག་འདོད་ཡོད་ཀྱང་རྒྱག་པའི་དབང་ཚད་སྤྲད་མེད་སྐོར་བརྗོད་འདུག
རྒྱལ་སྤྱིའི་ནང་རྒྱ་ནག་ནི་རླངས་འཁོར་གྱི་ཁྲོམ་ར་ཆེ་ཤོས་དེ་ཡིན་འདུག་པ་དང་། རླངས་འཁོར་བཟོ་སྐྲུན་ཚོང་ལས་ཁང་མང་པོ་ཞིག་གི་འཕེལ་རྒྱས་ཀྱང་རྒྱ་ནག་གི་ཁྲོམ་རར་ཤུགས་ཆེན་བརྟེན་གྱི་ཡོད་པ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།