ཨ་རིའི་སྐུ་ཚབ་ཐའེ་ཝན་དུ་སྐྱོད་རྒྱུའི་འཆར་གཞི་ཕྱིར་འཐེན་བྱས་འདུག
ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱི་སྲིད་གཞུང་གིས་ལས་ཡུན་མ་རྫོགས་བའི་སྔོན་ལ། རྒྱ་ནག་གི་དགག་བྱ་བྱས་མིན་ལ་མ་ལྟོས་པར་ཐའེ་ཝན་དུ་ཨ་རིའི་མཉམ་འབྲེལ་རྒྱལ་ཁབ་ཀྱི་སྐུ་ཚབ་སྐོར་སྐྱོད་དུ་བཏང་འཆར་བྱས་ཡོད་ཀྱང་། མཐའ་མ་དེར་འཆར་གཞི་དེ་ཕྱིར་འཐེན་བྱས་འདུག
ཟླ་༡ པོའི་ཚེས་༡༣ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། བདུན་ཕྲག་སྔོན་མར་ཨ་རིས་གསལ་བསྒྲགས་ཤིག་སྤེལ་ནས། ཚེས་༡༣ ཉིན་མཉམ་འབྲེལ་རྒྱལ་ཁབ་ཏུ་ཡོད་པའི་ཨ་རིའི་སྐུ་ཚབ་ལྕམ་ཀཱེ་ལི་ཁེ་ར་ཧྥེཌ་ཐའེ་ཝན་དུ་སྐོར་སྐྱོད་དུ་སླེབས་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད། འཆར་གཞི་ལྟར་བྱས་ན་ཚེས་༡༤ ཉིན་ལྕམ་ཁོང་ཐའེ་ཝན་གྱི་སྲིད་འཛིན་ལྕམ་ཚེ་དབྱིང་ཝན་དང་ཐུག་འཕྲད་བྱེད་རྒྱུ་ཡིན་པ་དང་། དེ་བཞིན་ཁོང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ནང་ཐའེ་ཝན་གྱི་ཡིད་སྨོན་སྐྱེ་འོས་པའི་ལེགས་སྐྱེས་དང་། རྒྱལ་སྤྱིའི་ཚོགས་སྡེ་ཁག་ནང་ཐའེ་ཝན་གྱི་མཉམ་ཞུགས་མང་དུ་གཏོང་དགོས་པའི་གལ་གནད་སྐོར་གཏམ་བཤད་ཀྱང་སྤེལ་འཆར་ཡོད་པ་རེད་འདུག
འོན་ཀྱང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་གསལ་བསྒྲགས་ཤིག་སྤེལ་ནས། ཨ་རིའི་སྲིད་གཞུང་འཕོ་འགྱུར་གྱི་ལས་གཞིར་བདེ་འཇགས་དང་གོ་རིམ་ལྡན་པ་ཡོང་ཆེད་དུ། ཕྱི་སྲིད་ལས་ཁུངས་ཀྱི་སྐུ་ཚབ་རྣམས་ཕྱིའི་རྒྱལ་ཁབ་ཁག་ཏུ་སྐོར་སྐྱོད་ཀྱི་འཆར་གཞི་ཚང་མ་ཕྱིར་འཐེན་བྱས་ཡོད་པ་དང་། དེ་ཡང་ཕྱི་སྲིད་དྲུང་ཆེ་མེག་པོམ་པཱེ་ཡི་ཡུ་རོབ་ཏུ་སྐོར་སྐྱོད། དེ་བཞིན་མཉམ་འབྲེལ་རྒྱལ་ཁབ་ཏུ་ཨ་རིའི་སྐུ་ཚབ་ཀྱི་ཐའེ་ཝན་དུ་སྐོར་སྐྱོད་གཉིས་ཀྱང་ཕྱིར་འཐེན་བྱས་ཡོད་སྐོར་བརྗོད་འདུག
དེ་ཡང་བདུན་ཕྲག་སྔོན་མར་རྒྱ་ནག་གིས་ཨ་རིའི་མཉམ་འབྲེལ་རྒྱལ་ཁབ་ཀྱི་སྐུ་ཚབ་ཐའེ་ཝན་དུ་སྐོར་སྐྱོད་འགྲོ་རྒྱུའི་འཆར་གཞིར་སྐྱོན་བརྗོད་བྱས་ཏེ། དེར་རྒོལ་ལན་དྲག་པོ་སློག་རྒྱུ་ཡིན་པ་དང། རྒྱ་ནག་གིས་ཨ་རིའི་ཕྱི་སྲིད་དྲུང་ཆེའི་གསལ་བསྒྲགས་དེ་འུད་སྒྲོག་ཡིན་པ་ཤེས་ཀྱི་ཡོད་སྐོར་བརྗོད་འདུག
ཐའེ་ཝན་ཕྱི་སྲིད་ལས་ཁུངས་ཀྱིས་གསལ་བསྒྲགས་ཤིག་སྤེལ་ནས། ཚེས་༡༣ ནས་༡༥ བར་ཨ་རིའི་མཉམ་འབྲེལ་རྒྱལ་ཁབ་ཀྱི་སྐུ་ཚབ་ཀྱིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་པ་ཞིག་ཐའེ་ཝན་དུ་སྐོར་སྐྱོད་སླེབས་རྒྱུའི་འཆར་གཞི་ཕྱིར་འཐེན་བྱུང་བར་བློ་ཕམ་ཡོད་ཀྱང་། ཐག་གཅོད་དེར་གུས་བརྩི་དང་བསམ་ཤེས་བྱེད་ཀྱི་ཡོད། རྗེས་སུ་དུས་ཚོད་འཚམས་པོ་ཞིག་ལ་སྐོར་སྐྱོད་དུ་ཡོང་ན་དགའ་བསུ་ཡོད་སྐོར་བསྒྲགས་འདུག
ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱི་སྲིད་གཞུང་ལས་ཡུན་སྐབས་སུ། ཐའེ་ཝན་ལ་དེ་སྔོན་དང་མི་འདྲ་བར་གོ་མཚོན་མང་པོ་བཙོང་ཡོད་པ་མ་ཟད། ཨ་རིའི་མཐོ་རིམ་ལས་བྱེད་ཀྱང་སྐོར་སྐྱོད་དུ་བཏང་ཡོད་ཁར། བདུན་ཕྲག་སྔོན་མར་ཨ་རི་དང་ཐའེ་ཝན་བར་གྱི་འབྲེལ་ལམ་ཐོག་གི་བཀག་རྒྱ་ཚང་མ་མེད་པ་བཟོས་ནས། ཐའེ་ཝན་གཞུང་འབྲེལ་ཐོག་ནས་རྒྱལ་ཁབ་ཀྱི་ངོ་བོར་ངོས་འཛིན་བྱེད་པའི་གོམས་པ་དང་པོ་སྤེས་ཡོད་པ་རེད། དེ་ལ་བརྟེན་ནས་ཉེ་ཆར་ཧོ་ལན་ཌ་རུ་ཡོད་པའི་ཨ་རིའི་གཞུང་ཚབ་པས། རྒྱལ་ཁབ་དེར་ཡོད་པའི་ཐའེ་ཝན་གྱི་སྐུ་ཚབ་ཨ་རིའི་གཞུང་ཚབ་ཁང་དུ་ཐུག་འཕྲད་བྱས་ནས། ཕྱོགས་གཉིས་ཀྱིས་ཐུག་འཕྲད་དེར་དགའ་སྤོབས་ཡོད་སྐོར་བསྒྲགས་འདུག
ཏོག་དབྱིབས་ནད་དུག་ཁྱབ་གདལ་སོང་བའི་རྗེས་སུ། རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་ནང་དུ་ཐའེ་ཝན་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་སུ་ཞུགས་བཅུག་དགོས་པའི་དགོས་འདུན་བཏོན་མཁན་མང་དུ་ཕྱིན་ཡོད་ཁར། ཐའེ་ཝན་ལ་རྒྱབ་སྐྱོར་གྱི་རྣམ་འགྱུར་ཆེ་རུ་འགྲོ་བཞིན་ཡོད་ཀྱང་། དངོས་སུ་ཐའེ་ཝན་དེ་རྒྱལ་ཁབ་གཅིག་གི་ངོ་བོར་ངོས་འཛིན་བྱེད་ཐབས་བྱེད་མཁན་ཊོམ་སྲིད་གཞུང་ལས་བྱུང་མེད་པ་དང་། རྗོ་བྷའེ་ཌན་གྱི་སྲིད་གཞུང་གསར་པས་ཐའེ་ཝན་ལ་སྲིད་བྱུས་གང་འདྲ་ཞིག་ལག་བསྟར་བྱེད་མིན་ཚོད་དཔག་བྱེད་དཀའ་བ་ཡིན་པ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།