ཨ་རིའི་སྐུ་ཚབ་ཚོགས་པ་ཞིག་ཨུ་རུ་སུ་ལ་དམག་མཚམས་འཇོག་ཐབས་ཀྱི་གྲོས་མོལ་ཆེད་དུ་འགྲོ་རྒྱུ་ཡིན་པར་བརྗོད།

ད་ཆར་ཨ་རིའི་སྲིད་གཞུང་གསར་པའི་ངོས་ནས་ཨུ་རུ་སུ་དང་ཡུག་རེན་གཉིས་བར་དམག་འཁྲུག་མཚམས་འཇོག་ཡོང་ཐབས་ལ་འབད་བརྩོན་ཤུགས་ཆེན་བྱེད་བཞིན་ཡོད་འདུག་པ་བཞིན། ཡུག་རེན་གྱི་ངོས་ནས་ཟླ་བ་གཅིག་རིང་དམག་འཁྲུག་མཚམས་འཇོག་བྱེད་རྒྱུའི་མོས་མཐུན་ཡོད་ཚུལ་བརྗོད་ཡོད་འདུག་ཀྱང་། ཨུ་རུ་སུ་ནས་ད་བར་ལན་འདེབས་གང་ཡང་བྱས་ཡོད་མི་འདུག འོན་ཀྱང་། ད་ཆར་ཨ་རིའི་གྲོས་མོལ་སྐུ་ཚབ་ཚོགས་ཆུང་ཞིག་ཨུ་རུ་སུ་ལ་འགྲོ་རྒྱུ་ཡིན་འདུག

ཕྱི་ཚེས་༡༣ ཉིན་བྷི་བྷི་སིའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཉེ་ཆར་ཡུག་རེན་དང་ཨ་རིའི་སྐུ་ཚབ་ཁག་ཅིག་བར་སོ་དྷི་ཨ་རབ་ཀྱི་རྒྱལ་ཁབ་ནང་དུ་གྲོས་མོལ་ཚོགས་འདུ་ཞིག་འཚོགས་ཡོད་འདུག་ཅིང་། སྐབས་དེར་ཡུག་རེན་གྱིས་ཨུ་རུ་སུ་དང་ཡུག་རེན་གཉིས་བར་ཟླ་བ་གཅིག་རིང་དམག་མཚམས་འཇོག་རྒྱུར་མོས་མཐུན་བྱས་ཡོད་འདུག་པར་བརྟེན། ཨ་རིའི་སྲིད་འཛིན་ཊོམ་གྱིས། ཨ་རིའི་སྐུ་ཚབ་ཚོགས་ཆུང་ཞིག་དམག་འཁྲུག་མཚམས་འཇོག་ཡོང་ཐབས་ཆེད་དུ་ཨུ་རུ་སུ་ལ་འགྲོ་རྒྱུ་ཡིན་པར་བརྗོད་འདུག ཨ་རི་དང་ཡུག་རེན་གཉིས་ཀྱི་བར་གྲོས་མོལ་བྱུང་རྗེས་སུ་དེ་སྔོན་ཨ་རིས་ཡུག་རེན་ལ་གསང་བའི་གནས་ཚུལ་དང་གོ་ལག་སྤྲོད་མཚམས་བཞག་པ་དེ་དག་སླར་གསོ་བྱུང་སྟེ། གསང་བའི་གནས་ཚུལ་དང་གོ་ལག་མུ་མཐུད་སྤྲོད་རྒྱུ་ཡིན་པར་བརྗོད་ཡོད་འདུག 

ཨ་རིའི་ཕྱི་སྲིད་དྲུང་ཆེ་(Marco Rubio)ཡིས་ད་ཆར་དམག་འཁྲུག་མཚམས་འཇོག་བྱེད་མིན་ནི་ཨུ་རུ་སུའི་ལག་ནང་ཡོད་པ་དང་། ཨ་རིའི་ངོས་ནས་གྲོས་མོལ་གྱི་ལམ་ནས་དམག་འཁྲུག་མཚམས་འཇོག་ཡོང་ཐབས་ལ་ཡིད་ཆེས་ཡོད་པར་བརྗོད་འདུག དེ་བཞིན་ཡུག་རེན་གྱི་སྲིད་འཛིན་གྱིས་ད་ཆར་ཨུ་རུ་སུ་དང་ཡུག་རེན་གཉིས་བར་དམག་འཁྲུག་མཚམས་འཇོག་ཡོང་མིན་ནི། ཨ་རི་ཡིས་ཨུ་རུ་སུ་གྲོས་མོལ་དུ་འཁྲིད་ཐུབ་མིན་ལ་རག་ལས་ཡོད་པར་བརྗོད་ཡོད་འདུག དེ་བཞིན་ཨར་ལན་ཌིའི་སྲིད་བློན་(Micheál Martin)ཡིས། གཟའ་ལྷག་པའི་ཉིན་ཨ་རིའི་སྲིད་འཛིན་ཊོམ་ལ་ཨུ་རུ་སུ་ནས་བཟང་ཕྱོགས་ཀྱི་བརྡ་ལན་ཞིག་འབྱོར་ཡོད་པར་བརྟེན། ཕྱོགས་གཉིས་བར་དམག་འཁྲུག་མཚམས་འཇོག་ཡོང་རྒྱུའི་རེ་བ་ཡོད་པར་བརྗོད་ཡོད་འདུག་ལ། ཨ་རིའི་གྲོས་མོལ་ཚོགས་ཆུང་ནང་མི་སུ་དང་སུ་ཡོད་མེད་ཊོམ་གྱིས་གང་ཡང་བཤད་ཡོད་མི་འདུག ཨ་རེིའི་གསར་འགོད་དྲུང་ཆེ་(Karoline Leavitt)ཡིས་

ཨ་རིའི་བདེ་སྲུང་དྲུང་ཆེ་(Mike Waltz)ནས་ཨུ་རུ་སུ་དང་ལྷན་དུ་སྐད་ཆ་བཤད་ཡོད་པ་ཕོ་བྲང་དཀར་པོའི་ནང་དུ་གསར་འགོད་པ་ཚོར་བརྗོད་ཡོད་འདུག གཞན་ཡང་བྷི་བྷི་སི་ལ་གནས་ཚུལ་ཡོང་ཁུངས་གཞན་ཞིག་ནས་བདུན་ཕྲག་འདིའི་ནང་ཨ་རིའི་དཀྱིལ་ཤར་ཡུལ་གྲུའི་སྐུ་ཚབ་(Steve Witkoff)ཨུ་རུ་སུ་ལ་འགྲོ་འཆར་ཡོད་པར་བརྗོད་འདུག་པ་དང་། ཊོམ་གྱིས་ད་ཆར་ཨུ་རུ་སུ་དང་ཡུག་རེན་གཉིས་བར་གྲོས་མོལ་ཡོང་རྒྱུ་ཐག་ཉེ་བོ་ཡིན་ཞིང་། དམག་འཁྲུག་མཚམས་འཇོག་ཡོང་རྒྱུ་ནི་ཨུ་རུ་སུ་ལ་གལ་ཆེན་པོ་ཡིན་པར་བརྗོད་འདུག་པ་དང་།  ད་ལྟ་ང་ཚོའི་གནས་སྟངས་ཧ་ཅང་མགོ་རྙོག་ཅན་ཞིག་གི་ནང་དུ་ཡོད་པ་དང་། ངས་ཨུ་རུ་སུས་བཙན་བཟུང་བྱས་པའི་ཡུག་རེན་གྱིས་ས་ཆ་རྣམས་ཚུར་སྤྲོད་དགོས་དང་མི་དགོས་སོགས་ཀྱི་གནད་དོན་དུ་མའི་སྐོར་གྲོས་མོལ་ཡོང་བའི་འབད་བརྩོན་བྱ་རྒྱུ་ཡིན་པར་བརྗོད་འདུག 

ཨུ་རུ་སུའི་སྲིད་འཛིན་གྱིས་ཉེ་ཆར་ཡུག་རེན་གྱི་དམག་མིས་བཟུང་བའི་ཨུ་རུ་སུའི་(Kursk)ས་ཁུལ་དུ་ལྟ་སྐོར་དུ་ཕྱིན་ནས་ས་ཁུལ་དེ་གང་མགྱོགས་ཡུག་རེན་གྱི་དམག་མིའི་ལག་ནས་ཚུར་ལེན་དགོས་པའི་སྐུལ་མ་ནན་ཏན་བྱས་ཡོད་འདུག་པ་དང་། ཨུ་རུ་སུས་ས་ཁུལ་དེར་ཡོད་པའི་ཡུག་རེན་གྱི་དམག་མི་ཚོ་ལ་རྒོལ་རྡུང་དྲག་པོ་གཏོང་བཞིན་ཡོད་འདུག ཨུ་རུ་སུ་དང་ཡུག་རེན་གཉིས་ཀྱི་ས་ཆ་མང་པོ་ཞིག་ཕྱོགས་སོ་སོས་འཕྲོག་རེས་བྱས་ཡོད་པར་བརྟེན། ད་ཆར་གྲོས་མོལ་གྱི་སྔོན་དུ་དེ་དག་ཚུར་ལེན་ཐབས་སུ་དམག་འཁྲུག་ཆེན་པོ་རྒྱག་བཞིན་ཡོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།