ཨ་རིའི་སྤྱི་འཐུས་འགས་ནད་ཡམས་ཆེད་ལས་སྨན་པ་ཧྥའོ་ཆི་གནས་དབྱུང་གཏོང་བའི་ཁྲིམས་འཆར་བཏོན་འདུག
ཨ་རིའི་སྤྱི་འཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་རྒྱལ་ཡོངས་ནད་ཡམས་ཆེད་ལས་སྨན་པ་ཧྥའོ་ཆི་(Anthony Fauci) གནས་དབྱུང་གཏོང་བའི་ཁྲིམས་འཆར་ཞིག་བཏོན་འདུག

ཕྱི་ཟླ་ ༦ ཨ་རིའི་ཚེས་ ༡༥ རེས་གཟའ་མིག་དམར་ཉིན་ཨ་རིའི་གྲོས་ཚོགས་གོང་མའི་བུད་མེད་འཐུས་མི་མཱར་ཇོར-ཋ་ལར་(Marjorie Taylor) གྱིས་འགོ་ཁྲིད་པའི་འཐུས་མི་འགས་“སྨན་པ་ཧྥའོ་ཆི་གནས་དབྱུང་གཏོང་བའི་ཁྲིམས་འཆར་” ཞེས་པ་ཞིག་བཏོན་འདུག་པའི་ནང་། སྐད་གྲགས་ཆེ་བའི་སྨན་པ་ཁོང་གི་གཞུང་ཕོགས་ཡོངས་སུ་གཅོད་པ་དང་། གྲོས་ཚོགས་ནས་ཁོང་གི་ཚབ་ཏུ་ཆེད་ལས་སྨན་པ་གཞན་ཞིག་བསྐོ་བཞག་བྱེད་དགོས་སྐོར་བཀོད་ཡོད་འདུག
ཨ་རིའི་སྲིད་འཛིན་བདུན་ལ་འཕྲོད་བསྟེན་གྱི་སློབ་སྟོན་བྱེད་མྱོང་བའི་ནད་ཡམས་ཆེད་ལས་སྨན་པ་ཧྥའོ་ཆི་ནི། ཨ་རིའི་ནང་སྙན་གྲགས་ཆེ་ཞིང་མི་མང་གི་ཡིད་ཆེས་ཐོབ་པའི་སྨན་པ་ཞིག་ཡིན་པ་མ་ཟད། ལྷག་པར་དུ་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཀྱི་སྐབས་སུ་འཕྲོད་བསྟེན་དང་འབྲེལ་བའི་ལམ་སྟོན་བྱེད་མཁན་གཙོ་བོ་དེ་ཆགས་ཡོད།
ཡིན་ན་ཡང་། སྤྱི་འཐུན་ཚོགས་པའི་འཐུས་མི་ཚོས་སྨན་པ་ཁོང་ལ་ཁ་རས་གྱོན་ཕྱོགས་དང་། སྤྱི་ཚོགས་རྒྱང་བཀྱེད་དང་འབྲེལ་བའི་ལམ་སྟོན་སྔ་ཕྱི་མ་མཐུན་པ་བྱས་ཏེ་མི་མང་གི་མགོ་རྨོངས་སུ་བཅུག་པའི་ཉེས་འཛུགས་བྱས་པ་མ་ཟད། ནད་ཡམས་ཀྱི་འགོ་སྟོད་དུ་སྨན་པ་ཧྥའོ་ཆིས་ཝུའུ་ཧན་ཏོག་དབྱིབས་ནད་འབུ་ནད་འབུ་ཞིབ་འཇུག་ཁང་ནས་བྱུང་བ་ཡིན་པའི་ལྟ་ཚུལ་དེར་དགག་པ་བརྒྱབ་ནས་མི་མང་ལོག་ལམ་དུ་ཁྲིད་པ་རེད་ཅེས་བརྗོད་འདུག
བུད་མེད་གྲོས་ཚོགས་འཐུས་མི་ཁོང་གིས་“སྨན་པ་ཧྥའོ་ཆི་ནི་ཨ་རིའི་མི་མང་གིས་བདམས་པ་ཞིག་མ་རེད། ཁོ་ང་ཚོའི་དཔལ་འབྱོར་ལམ་སྟོན་བྱེད་པའི་ཆེད་དུ་བདམས་པ་ཞིག་མ་རེད། ཁོ་ང་ཚོའི་ཕ་མ་དང་བུ་ཕྲུག་ཚོའི་ཤེས་ཡོན་སློབ་གསོའི་ལམ་སྟོན་བྱེད་མཁན་དུ་བདམས་པ་ཞིག་མ་རེད། ཡིན་ན་ཡང་། འདས་པའི་ལོ་གཅིག་གི་ནང་དུ་སྨན་པ་ཧྥ་ཆིས་ང་ཚོའི་འཚོ་བ་ཕལ་ཆེ་བ་དབང་སྒྱུར་བྱས་ཡོད་”ཅེས་བརྗོད་འདུག
ཁྲིམས་འཆར་དེ་གྲོས་ཚོགས་ནང་དུ་ཁྱེར་ནས་འོས་བླུགས་ནས་ཐག་གཅོད་བྱེད་རྒྱུ་ཡིན་འདུག
ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཐོག་མར་ཁྱབ་གདལ་འགྲོ་སྐབས། སྨན་པ་ཧྥའོ་ཆིས་ནད་འབུ་དེ་མིས་བཟོས་པ་ཞིག་ཡིན་སྲིད་པའི་སྐོར་ལ་མཐའ་གཅིག་ཏུ་དགག་པ་བརྒྱབ་ཡོད། འོན་ཀྱང་། ཉེ་ཆར་ཁོང་གི་གློག་འཕྲིན་མང་པོ་ཞིག་ཕྱི་ལ་བསྟན་པའི་ནང་། ཁོང་གིས་ནད་འབུ་དེ་རང་བཞིན་གྱིས་བྱུང་བ་ཞིག་མ་ཡིན་པའི་དོགས་པ་བྱེད་བཞིན་པའི་གནས་ཚུལ་ཡོད་སྟབས། ཁོང་ལ་དོགས་པ་དང་སྐྱོན་བརྗོད་བྱེད་མཁན་ཇེ་མང་དུ་འགྱུར་བཞིན་ཡོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།