ཨ་རིའི་སྲིད་གཞུང་གིས་རྒྱ་ནག་གི་དཔོན་པོ་མཐོ་གྲས་༢༤ ལ་ཉེས་ཆད་བཏང་འདུག
ཨ་རྒྱ་རྒྱལ་ཁབ་གཉིས་ཀྱི་སྐུ་ཚབ་རྣམས་མཇལ་འཕྲད་དང་གྲོས་མོལ་བྱེད་པར་ཉིན་གཅིག་ལས་མེད་པའི་སྐབས་འདིར། ཨ་རིས་རྒྱ་ནག་གི་དཔོན་པོ་༢༤ ལ་“ཧོང་ཀོང་གི་མང་གཙོ་”གཏོར་བཤིག་གཏོང་མཁན་ཡིན་པར་ངོས་འཛིན་དང་དཔལ་འབྱོར་གྱི་ཉེས་ཆད་བཏང་འདུག
ཕྱི་ཟླ་༣ ཚེས་༡༧ ཉིན་རྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། བྷ་ཌན་སྲིད་གཞུང་གིས་དེ་རིང་རེས་གཟའ་ལྷག་པའི་ཉིན་རྒྱ་ནག་གི་འགོ་ཁྲིད་༢༤ ལ་ཧོང་ཀོང་གི་མང་གཙོ་གཏོར་བཤིག་གཏོང་མཁན་གྱི་བྱེད་གཏེ་ཡིན་པའི་ངོས་འཛིན་དང་། དེ་དག་ལ་དཔལ་འབྱོར་གྱི་ཉེས་ཆད་བཅད་པ་ཡིན་པའི་གསལ་བསྒྲགས་སྤེལ་འདུག
ཨ་རིའི་སྲིད་གཞུང་གསར་པའི་རྒྱ་ནག་དང་འབྲེལ་བའི་ཉེས་ཆད་གསར་ཤོས་དེ། ཨ་རིའི་གྲོས་ཚོགས་ནས་ལོ་སྔོན་མར་གཏན་ལ་ཕབ་པའི་ཧོང་ཀོང་རང་སྲིད་རང་སྐྱོང་གི་ཁྲིམས་ཀྱི་འོག་ནས་ཐག་གཅོད་བྱས་པ་ཞིག་ཡིན་འདུག་པ་དང་། ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨན་ཐོ་ནོ-བྷི་ལི་ཁིན་(Antony Blinken) གྱིས་“ཤེས་བཞིན་དུ་དེ་རིང་གི་མིང་ཐོ་འདིའི་ནང་དུ་ཡོད་པའི་མི་སྒེར་དག་དང་མཉམ་དུ་ཚོང་ལས་གཉེར་མཁན་གྱི་ཕྱིའི་རྒྱལ་ཁབ་ཀྱི་ཚོང་ལས་སྡེ་ཚན་ཁག་ལའང་དཔལ་འབྱོར་གྱི་ཉེས་ཆད་གཏོང་ཆོག་”ཅེས་བརྗོད་འདུག
དེ་རིང་ཉེས་ཆད་བཏང་བའི་རྒྱ་ནག་གི་དཔོན་པོ་༢༤ ཡི་ཁྲོད་ནས་འགའ་ཤས་ཤིག་ཧོང་ཀོང་གི་འགོ་ཁྲིད་ཡིན་པ་ལས། ཕལ་ཆེ་བ་རྒྱ་ནག་དམར་ཤོག་ཚོགས་པའི་དཔོན་པོ་ཆགས་འདུག
ཨ་རིའི་ཕྱི་སྲིད་དྲུང་ཆེས་རྒྱ་ནག་གིས་ཧོང་ཀོང་གི་འོས་བསྡུའི་ལམ་ལུགས་གཏོར་བཤིག་བཏང་ཡོད་ཅེས་བརྗོད་པའི་ཐོག “བྱ་སྤྱོད་འདིས་ཧོང་ཀོང་མི་མང་ལ་ཁས་ལེན་བྱས་པའི་ཚད་མཐོའི་རང་སྲིད་རང་སྐྱོང་ལ་སྔར་ལས་ཀྱང་ཆེ་བའི་གཏོར་བཤིག་བཏང་ཡོད་པ་མ་ཟད། ཧོང་ཀོང་མི་མང་གི་རང་གཞུང་རང་སྐྱོང་བྱེད་པའི་མངོན་འདོད་ཀྱང་ཕྲོག་ཡོད་”ཅེས་བསྣན་འདུག
བྷ་ཌན་སྲིད་གཞུང་གི་ཐག་གཅོད་འདི་ནི། ཕྱི་སྲིད་དྲུང་ཆེས་ཉི་ཧོང་གི་རྒྱལ་ས་ཐྲོའོ་ཁོའོ་(Tokyo) རུ་ཉི་ཧོང་གི་ཕྱི་སྲིད་བློན་ཆེན་དང་མཇལ་འཕྲད་ཞུ་སྐབས་རྒྱ་ནག་གི་“ལམ་ལུགས་ལྡན་པའི་ངང་ནས་ཧོང་ཀོང་གི་རང་སྲིད་རང་སྐྱོང་རྩ་གཏོར་དང་། ཐའེ་ཝན་གྱི་མང་གཙོར་གཏོར་བཤིག བོད་དང་ཤར་ཏིར་ཀི་སི་ཐན་གྱི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ། རྒྱལ་སྤྱིའི་ཁྲིམས་དང་འགལ་བའི་ཐོག་ནས་ལྷོ་རྒྱ་ནག་རྒྱ་མཚོ་རྒྱ་ནག་ལ་དབང་ཚུལ་ཤོད་བཞིན་པ་”བཅས་ཀྱི་བྱ་སྤྱོད་ལ་སེམས་འཚབ་ཡོད་སྐོར་བཤད་པའི་རྗེས་སུ་བྱུང་བ་ཞིག་ཆགས་འདུག
ད་ལྟའི་ཆར་པེ་ཅིང་སྲིད་གཞུང་ནས་བྷ་ཌན་སྲིད་གཞུང་གིས་བཞག་པའི་ཉེས་ཆད་ཐོག་མ་འདི་ལ་ལན་འདེབས་བྱེད་རྒྱུ་ལྷག་ཡོད་ན་ཡང་། ཨ་རྒྱའི་འབྲེལ་ལམ་ཉམས་ཞིབ་བྱེད་མཁན་ཚོའི་ཁྲོད་དུ་ཨ་རིའི་སྲིད་གཞུང་གསར་པའི་འོག་ནས་ཨ་རྒྱའི་མཇལ་འཕྲད་ཐོག་མ་དེ་འབྱུང་ལ་ཉེ་བའི་སྐབས་སུ་ཝ་ཤིན་ཏྲོན་སྲིད་གཞུང་ནས་རྒྱ་ནག་གི་འགོ་ཁྲིད་ཚོར་ཉེས་ཆད་བཏང་བ་དེའི་མཇུག་འབྲས་ལ་མཇལ་འཕྲད་མེད་པ་ཆགས་སྲིད་པའི་ཚོད་དཔག་བྱེད་མཁན་ཡོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།