ཨ་རིའི་སྲིད་དོན་ཚོགས་པ་གཉིས་ཀ་ཐུན་མོང་ཐོག་ནས་རྒྱ་ནག་དམར་ཤོག་ཚོགས་པ་འགོག་ཐབས་ཀྱི་ཁྲིམས་འཆར་ཞེས་པ་ཞིག་གཏན་འབེབས་བྱས་ཡོད་འདུག

The New York Times ཡི་པར།

ཨ་རིའི་དམངས་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པ་གཉིས་ཀ་ཡིས་རྒྱ་ནག་ནང་གྲངས་ཉུང་མི་རིགས་ཁག་ལ་མནར་གཅོད་དང་བཤུ་གཞོག་གཏོང་བཞིན་པར་སྐྱོན་བརྗོད་དང་སྦྲགས། བདུན་ཕྲག་འདིའི་གཟའ་ལྷག་པའི་ཉིན་རྒྱ་ནག་དམར་ཤོག་ཚོགས་པ་འགོག་ཐབས་ཀྱི་ཁྲིམས་འཆར་ཞེས་པ་ཞིག་གཏན་འབེབས་གནང་འདུག

ཕྱི་ཚེས་༢༥ ཉིན་(The New York times)ནས་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་དམངས་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པ་གཉིས་ཀས་བྷ་ཌན་སྲིད་གཞུང་ལ་རྒྱ་ནག་གིས་ཡུ་གུར་གྲངས་ཉུང་མི་རིགས་ལ་གཉའ་གནོན་བྱེད་པའི་གནད་དོན་ཐོག་ལངས་ཕྱོགས་ཤུགས་ཆེ་རུ་གཏོང་དགོས་པའི་གནོན་ཤུགས་སྤྲོད་བཞིན་ཡོད་འདུག

བདུན་ཕྲག་འདིའི་ནང་ནིའུ་ཡོག་གི་དམངས་གཙོ་ཚོགས་པའི་སྐུ་ཚབ་(Ritchie Torres)རི་ཆི་ཊོར་རེ་སིས་རྒྱལ་ཡོངས་གསང་བའི་ལས་ཁུངས་ཀྱི་འགན་འཛིན(་Avril D. Haines)ཨེབ་རིལ་ཌི་ཧེ་ནེ་སི་ལ་རྣོ་ངར་ཆེ་བའི་ཡི་གེ་ཞིག་བཏང་སྟེ། ཨ་རིའི་གཞུང་གིས་རྒྱ་ནག་གིས་ཡུ་གུར་ཐོག་གཉའ་གནོན་བྱེད་སྟངས་སྐོར་གྱི་སྙན་ཐོ་ཞིག་སྤྲོད་རྒྱུར་འཐུས་ཤོར་བྱུང་བར་སྐྱོན་བརྗོད་བྱས་ཡོད་འདུག་པ་དང་། གཟའ་ལྷག་པའི་ཉིན་གྲོས་ཚོགས་འོག་མའི་སྤྱི་མཐུན་ཚོགས་པས་འདོན་སྤེལ་བྱས་པའི་གྲོས་ཆོད་ཅིག་གཏན་འབེབས་བྱས་ཡོད་འདུག་ལ། གྲོས་ཆོད་དེས་བྷ་ཌན་སྲིད་གཞུང་ལ་རྒྱ་ནག་ནང་གྲངས་ཉུང་མི་རིགས་ལ་གཉའ་གནོན་བྱེད་མཁན་གྱི་འབྲེལ་ཡོད་རྒྱ་ནག་གི་དཔོན་རིགས་ཚོར་འབྲེལ་བ་བྱེད་རྒྱུར་བཀག་འགོག་བྱེད་དུ་འཇུག་ཐབས་བྱེད་ཀྱི་ཡོད་འདུག ཕྱི་ལོ་ ༢༠༢༡ ལོར་ཨ་རིའི་གཞུང་གིས་རྒྱ་ནག་གིས་ཡུ་གུར་མི་རིགས་ཐོག་གཉའ་གནོན་བྱེད་སྟངས་དེ་ནི་མི་རིགས་རྩ་མེད་གཏོང་བའི་བྱ་སྤྱོད་ཅིག་ཡིན་པར་གསལ་བསྒྲགས་བྱས་པ་དང་། ཡུ་གུར་བ་བཙན་དབང་གིས་ངལ་རྩོལ་བྱེད་དུ་འཇུག་པ་དེ་སྔོན་འགོག་བྱེད་པའི་ཆེད་དུ་ཁྲིམས་གཏན་འབེབས་བྱས་ཏེ་འགྲོ་བ་མིའི་ཐོབ་ཐང་ལ་བརྡལ་བཤིག་གཏོང་བ་དང་འབྲེལ་བའི་རྒྱ་ནག་ལ་དཔལ་འབྱོར་གྱི་དམ་བསྒྲགས་བྱས་ཡོད་འདུག 

སྐུ་ཞབས་ཊོར་རེ་སི་ཡིས། རྒྱ་ནག་དམར་ཤོག་ཚོགས་པའི་དམ་བསྒྲགས་ལས་འགུལ་དང་ཡུ་གུར་ཁ་ཆེའི་ཐོག་མི་རིགས་རྩ་མེད་གཏོང་བའི་ལས་འགུལ་གྱི་གནས་སྟངས་སྐོར་ཨ་རིའི་གསང་བའི་ལས་ཁུངས་ནས་ཁུ་སིམ་མེར་གནས་ཡོད། སྤྱིར་བཏང་གི་ཆ་ནས་དབུས་གཞུང་དང་ལྷག་པར་དུ་གསང་བའི་ལས་ཁུངས་ནས་སྐད་ཅོར་མེད་པར་ཁུ་སིམ་མེར་གནས་པ་དེས་ང་ལ་བློ་འཚབ་ཆེན་པོ་སྐྱེ་བཅུག་བྱུང་ཞེས་བརྗོད་འདུག

ན་ནིང་གྲོས་ཚོགས་ཀྱིས་རྒྱལ་ཡོངས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་གྱིས་རྒྱ་ནག་གིས་ཡུ་གུར་མི་རིགས་ཐོག་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གཏོང་བའི་སྐོར་མང་ཚོགས་ལ་སྙན་ཐོ་ཞིག་སྤྲོད་དགོས་པའི་ཁྲིམས་འཆར་ཞིག་གཏན་འབེབས་བྱས་ཡོད་པ་དང་། སྙན་ཐོ་དེ་ཕྱི་ཟླ་དྲུག་པའི་ནང་སྤྲོད་དགོས་ཀྱི་ཡོད་འདུག གཟའ་ལྷག་པའི་ཉིན་གྱི་བཅར་འདྲི་ཞིག་གི་སྐབས་སུ། གྲོས་ཚོགས་འོག་མའི་རྒྱ་ནག་ཚོགས་ཆུང་གི་ཚོགས་མི་སྐུ་ཞབས་(Mr. Torres)ཊོར་རེ་སིས་རྒྱ་ནག་གཞུང་གིས་ཁ་ཆེའི་གྲངས་ཉུང་མི་རིགས་ལ་མི་རིགས་རྩ་མེད་གཏོང་བའི་ལས་འགུལ་ཞེས་འབོད་པའི་གནད་དོན་དེར་དོ་སྣང་སྤྲོད་ཆེད་ཁྲིམས་འཆར་དེ་བཟོས་པ་ཡིན་ཞེས་བརྗོད་འདུག

དེ་བཞིན་སྐུ་ཞབས་(Ms. Haines)མ་ཧེ་ནེ་སིའི་མགྲིན་ཚབ་པས་སྐུ་ཞབས་(Mr. Torres)ཊོར་རེ་སིའི་ཡི་གེ་འབྱོར་བ་ངོས་ལེན་བྱས་ཡོད་ཀྱང་དེའི་སྐོར་གང་ཡང་བཤད་ཡོད་མི་འདུག གྲོས་ཚོགས་ཀྱིས་གསང་བའི་ལས་ཁུངས་ཁག་ལ་གསང་བ་ཅན་དང་གསང་བ་མིན་པའི་སྙན་ཐོ་མང་པོའི་དགོས་མཁོ་འདོན་གྱི་ཡོད་པ་དང་། དེ་དག་མང་ཆེ་བ་དུས་ཐོག་ཏུ་འབུལ་ཐུབ་རྒྱུར་དཀའ་ངལ་འཕྲད་ཀྱི་ཡོད་འདུག བྷ་ཌན་སྲིད་གཞུང་གི་དཔོན་རིགས་ཚོས་རྒྱ་ནག་གིས་ཡུ་གུར་མི་རིགས་ཐོག་གཉའ་གནོན་བྱེད་པའི་གནད་དོན་དེར་ཚབས་ཆེན་དུ་བརྩི་གི་ཡོད་པ་དང་པེ་ཅིན་ལ་སྐྱོན་བརྗོད་བྱེད་རྒྱུར་འཛེམས་ཟོན་བྱེད་ཀྱི་མེད་ཅེས་བརྗོད་ཡོད་འདུག འོན་ཀྱང་སྐུ་ཞབས་(Mr. Torres)ཊོར་རེ་སིས་རྒྱལ་སྤྱིའི་ཆབ་སྲིད་ཀྱི་རྙོག་འཛིང་ཅན་གྱི་གནས་སྟངས་ལ་བརྟེན་ནས་སྙན་ཐོ་དེ་ཕྱིར་འགྱངས་བྱས་པར་དོགས་པ་བྱེད་ཀྱི་ཡོད་ཅེས་དང་། ང་ཚོས་རྒྱལ་སྤྱིའི་ཆབ་སྲིད་ཀྱི་མྱུར་ལམ་བེད་སྤྱོད་བྱེད་པའམ་ཡང་ན་རྒྱ་ནག་དམར་ཤོག་ཚོགས་པའི་སེམས་ཚོར་སྐྱོན་ཡོད་པ་དང་གནོད་འཚེ་བྱེད་པའི་རྐྱེན་གྱིས་གནད་དོན་འདི་སྦས་གསང་བྱེད་མི་ཐུབ་ཅེས་བརྗོད་འདུག

ཡུ་གུར་བ་སྲུང་སྐྱོབ་བྱེད་རྒྱུ་ནི་གྲོས་ཚོགས་ཁང་གི་ཆབ་སྲིད་ཚོགས་པ་གཉིས་ཀས་རྒྱབ་སྐྱོར་གནང་བའི་དམིགས་བསལ་གྱི་གནད་དོན་ཞིག་ཡིན་པར་བརྗོད་དེ། གྲོས་ཚོགས་འོག་མའི་ཆབ་སྲིད་ཚོགས་པ་གཉིས་ཀའི་མང་མོས་ཀྱིས་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་ཐབས་དང་ཡུ་གུར་བའི་ངལ་རྩོལ་བེད་སྤྱོད་ལོག་པར་གཏོང་མཁན་གྱི་ཚོང་ལས་ཁག་ནས་མ་རྩ་ཕྱིར་འཐེན་བྱེད་པའི་ཁྲིམས་འཆར་འགའ་ཤས་གཏན་འབེབས་བྱས་ཡོད་འདུག

འོན་ཀྱང་ཨ་རིའི་འོས་བསྡུ་བསླེབ་ལ་ཉེ་བའི་སྐབས་འདིར་ཡུ་གུར་བའི་དཀའ་སྡུག་གི་གནས་སྟངས་དེ་ཆབ་སྲིད་ཚོགས་པ་ཁག་གི་འགྲན་རྩོད་ཀྱི་གནད་དོན་ཞིག་ཏུ་གྱུར་ཡོད་འདུག དེ་ནི་གྲོས་ཚོགས་འཐུས་མི་ཚོས་སྤྱི་མཐུན་ཚོགས་པས་གྲོས་ཚོགས་འོག་མར་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གཏོང་བ་དང་འབྲེལ་བའི། རྒྱ་ནག་གཞུང་ལ་དཔལ་འབྱོར་གྱི་དམ་བསྒྲགས་བྱེད་དགོས་པའི་འབད་བརྩོན་བྱེད་པའི་གནད་དོན་ཐོག་རྩོད་གླེང་བྱེད་བཞིན་པའི་རྐྱེན་གྱིས་རེད་འདུག ​​​​​​​​​​​​​​​​གྲོས་ཚོགས་ཀྱིས་ཡུ་གུར་བའི་གནས་སྟངས་ལ་སེམས་འཚབ་བྱེད་པ་དེ་ཆབ་སྲིད་ཚོགས་པ་གཉིས་ཀའི་ངོས་ནས་ཡིན་ནའང་། སྤྱི་མཐུན་ཚོགས་པ་དང་དམངས་གཙོ་ཚོགས་པ་གཉིས་ཀྱིས་རྒྱ་ནག་ལ་ཇི་ལྟར་དམ་བསྒྲགས་བྱེད་དགོས་མིན་ཐད་དུས་ཡུན་རིང་པོར་རྩོད་གླེང་བྱས་ཡོད་འདུག སྤྱི་མཐུན་ཚོགས་པའི་འགོ་ཁྲིད་ཚོས་བྷ་ཌན་སྲིད་གཞུང་གིས་པེ་ཅིན་ལ་འཇམ་པོའི་ཐབས་ལམ་ལག་བསྟར་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་བྱས་ཡོད་པ་དང་། མང་གཙོ་ཚོགས་པས་སྤྱི་མཐུན་ཚོགས་པས་ས་ཆ་མེ་ལ་བསྲེགས་པ་ལྟ་བུའི་ཐབས་ལམ་བཟུང་ནས་གཞུང་འབྲེལ་འབྲེལ་ལམ་ལ་གནོད་སྐྱོན་གཏོང་ཐབས་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་བྱས་ཏེ།

འོས་བསྡུ་བསླེབ་ལ་ཉེ་བ་དང་བསྟུན་ནས་ཆབ་སྲིད་ཀྱི་འགལ་ཟླ་ཇེ་ཆེར་འགྲོ་བཞིན་ཡོད་འདུག ཟླ་བ་འདིའི་ནང་སྤྱི་མཐུན་ཚོགས་པས་མང་གཙོ་ཚོགས་པས་ངེས་པར་དུ་ངོ་རྒོལ་བྱེད་རྒྱུ་ཡིན་པ་ཤེས་བཞིན་དུ་རྒྱ་ནག་དང་འབྲེལ་བའི་ཁྲིམས་འཆར་མང་པོ་ཞིག་ལ་འོས་བསྡུ་བྱས་ཡོད་འདུག་པ་དང་།  དེ་ནི་གྲོས་ཚོགས་འོག་མའི་དབང་ཆ་སུར་ཐོབ་མིན་ཐག་གཅོད་བྱེད་པའི་འོས་བསྡུའི་སྔོན་དུ་རྒྱལ་ཁབ་བདེ་འཇགས་ཀྱི་གནད་དོན་ཐོག་ནུས་པ་སྟོན་ཐབས་ཤིག་ཡིན་པར་བརྗོད།

གཟའ་ལྷག་པའི་ཉིན་གཏན་འབེབས་བྱས་པའི་ཁྲིམས་འཆར་རྒྱ་ནག་དམར་ཤོག་ཚོགས་པ་འགོག་ཐབས་ཀྱི་བཅའ་ཁྲིམས་ཞེས་པ་དེས་ཧོང་ཀོང་གི་རང་སྐྱོང་ལ་ཚད་འཛིན་བྱེད་པའི་སྲིད་བྱུས་གཏན་འབེབས་བྱེད་མཁན་དང་། ཐའེ་ཝན་ལ་འཇིགས་སྐུལ་བྱེད་མཁན། ཡང་ན་ཡུ་གུར་བ་ཚུད་པའི་རྒྱ་ནག་ནང་གི་མི་རིགས་ཁག་གི་ཐོབ་ཐང་ལ་རྡོག་རོལ་གཏོང་མཁན་གྱི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་སུ་འདྲ་ཞིག་ཡིན་རུང་དཔལ་འབྱོར་གྱི་དམ་བསྒྲགས་བྱ་རྒྱུ་ཡིན་པ་དང་། དམ་བསྒྲགས་དེས་རྒྱ་ནག་གི་དཔོན་རིགས་ཚོའི་རྒྱུ་དངོས་བཀག་སྡོམ་བྱེད་པ་དང་། ཁོང་ཚོར་ཨ་རིར་འགྲུལ་བསྐྱོད་བྱེད་རྒྱུར་བཀག་སྡོམ་བྱེད་ཀྱི་ཡོད་འདུག འོན་ཀྱང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་འདུར་ཞུགས་པ་དང་གསང་བའི་གནས་ཚུལ་བསྡུ་རུབ་ཀྱི་ལས་དོན་ནང་མཉམ་ཞུགས་བྱེད་པ། ཡང་ན་སྲིད་འཛིན་གྱི་དམིགས་བསལ་བཀའ་འཁྲོལ་ཐོབ་པ་བཅས་ལ་དམིགས་བསལ་གྱི་ཆོག་མཆན་སྤྲོད་ཀྱི་ཡོད་པར་བརྗོད། གཟའ་ལྷག་པའི་ཉིན་གྲོས་ཚོགས་འོག་མས་ཁྲིམས་འཆར་དེར་རྒྱབ་སྐྱོར་འོས་ ༢༤༣ དང་ངོ་རྒོལ་འོས་ ༡༧༤ ཐོབ་སྟེ་གཏན་འབེབས་བྱས་ཡོད་འདུག མང་གཙོ་ཚོགས་པའི་འཐུས་མི་ ༣༣ ཡིས་རྒྱབ་སྐྱོར་བྱས་ཡོད་པ་དང་། སྤྱི་མཐུན་ཚོགས་པའི་འཐུས་མི་གཉིས་ཀྱིས་མ་གཏོགས་གཞན་ཚང་མས་རྒྱབ་སྐྱོར་བྱས་ཡོད་འདུག ཁྲིམས་འཆར་དེར་མང་གཙོ་ཚོགས་པའི་རྒྱབ་སྐྱོར་གང་ཙམ་ཐོབ་ཡོད་ནའང་། གྲོས་ཚོགས་འོག་མའི་ཚོགས་པ་དེའི་འགོ་ཁྲིད་ཚོས་ཁྲིམས་འཆར་ནང་གི་ཉེས་ཆད་ཀྱི་ཐབས་ལམ་དེ་ཧ་ཅང་རྒྱ་ཆེ་དྲགས་པ་དང་རྒྱ་ནག་གི་འགོ་ཁྲིད་ཚང་མ་ཧ་ལམ་ཚུད་ཡོད་པའི་རྩོད་གླེང་བྱས་འདུག 

ཕྱི་འབྲེལ་ལྷན་ཁང་གི་མང་གཙོ་ཚོགས་པའི་འཐུས་མི་གཙོ་བོ་ནིའུ་ཡོག་གི་སྐུ་ཚབ་(Gregory W. Meeks)གེ་རེ་གོ་རི་ཌབ་ལུ་མིག་སི་ཡིས་གཟའ་ལྷག་པའི་ཉིན་ཁྲིམས་འཆར་འདིས་པེ་ཅིན་དང་མཉམ་དུ་གནས་རིམ་མཐོ་བའི་གཞུང་འབྲེལ་འབྲེལ་ལམ་ལ་གནོད་སྐྱོན་གཏོང་གི་རེད་ཅེས་དང་། ཁོང་གིས་ཁྲིམས་འཆར་འདིས་ཡུ་གུར་བ་དང་། ཧོང་ཀོང་བ། ཐའེ་ཝན་གྱི་མི་མང་བཅས་ལ་ཕན་ཐོགས་གང་ཡང་ཡོང་གི་མ་རེད། དེའི་ཚབ་ཏུ་ཨ་རིའི་ཁེ་ཕན་གང་ཞིག་ཡིན་རུང་མདུན་སྐྱོད་བྱེད་པར་རྒྱ་ནག་ལ་འབྲེལ་གཏུག་བྱ་རྒྱུར་ཧ་ཅང་དཀའ་ངལ་ཆེན་པོ་བཟོ་གི་རེད་ཅེས་བརྗོད་འདུག

སྐུ་ཞབས་(Mr. Torres )ཊོར་རེ་སིས་ཀྱང་སྤྱི་མཐུན་ཚོགས་པའི་བྱ་སྤྱོད་དེར་ངོ་རྒོལ་གྱི་འོས་འཕེན་གྱི་ཡོད་པ་དང་། དེས་རྒྱ་ནག་དང་མཉམ་དུ་གཞུང་འབྲེལ་འབྲེལ་ལམ་མཚམས་འཇོག་བྱེད་དུ་འཇུག་གི་ཡོད་པ་དང་། དེ་ནི་ཕན་ནུས་ལྡོག་ཕྱོགས་ཅན་ཞིག་ཡིན་པར་བརྗོད་པ་མ་ཟད། ཁོང་གིས་འཛམ་གླིང་ནང་གི་ཉེན་ཁ་ཆེ་ཤོས་ཀྱི་དོན་དངོས་ཤིག་ནི་ཨ་རི་དང་རྒྱ་ནག་དབར་གྱི་འབྲེལ་ལམ་མེད་པ་དེ་རེད་ཅེས་བརྗོད་འདུག གལ་ཏེ་འབྲེལ་ལམ་མེད་ན། དེས་བརྡ་ལན་ནོར་བའམ་ཚོད་དཔག་ནོར་བ་གཅིག་གིས་ཉེན་ཁ་ཆེ་བའི་དམག་འཁྲུག་ཅིག་འགོ་འཛུགས་སྲིད་པ་སྟོན་གྱི་ཡོད་ཅེས་བརྗོད་འདུག

ཉིན་ཤས་སྔོན་ཨ་རིའི་ཕོ་བྲང་དཀར་པོས་ཀྱང་དེ་དང་མཚུངས་པའི་སྐྱོན་བརྗོད་བྱས་ཡོད་འདུག་པ་དང་། ཁོང་ཚོས་གསལ་བསྒྲགས་ཤིག་ནང་ཁྲིམས་འཆར་འདིས་གཞུང་གཉིས་དབར་གྱི་འབྲེལ་ལམ་གྱི་བརྒྱུད་ལམ་ཚང་མ་ཆད་དུ་འཇུག་སྲིད་ཅེས་བརྗོད་ཡོད་འདུག་པ་དང་། སྤྱི་མཐུན་ཚོགས་པས་ཁྲིམས་འཆར་གྱི་ངོ་བོ་འགྲེལ་བཤད་བྱེད་སྟངས་དེར་ཁོང་ཁྲོ་བྱས་ཏེ། ཁྲིམས་འཆར་དེས་རྒྱ་ནག་གི་འགོ་ཁྲིད་ཚོ་དང་གཞུང་འབྲེལ་འབྲེལ་ལམ་བྱེད་རྒྱུར་དམིགས་བསལ་བཀག་འགོག་བྱས་མེད་པའི་རྩོད་གླེང་བྱས་ཡོད་འདུག

(Michigan)མི་ཤི་གན་མངའ་སྡེའི་སྤྱི་མཐུན་ཚོགས་པའི་སྐུ་ཚབ་དང་ཁྲིམས་འཆར་འདིའི་རྩོམ་པ་པོ་(Lisa McClain)ལི་ས་མེག་ཁི་ལེན་གྱིས་གྲོས་ཚོགས་ཀྱི་ཚོགས་ཁང་དུ་ཁྲིམས་འཆར་འདིའི་ནང་ང་ཚོས་ཁོང་ཚོར་སྐད་ཆ་བཤད་མི་ཆོག་ཅེས་པའི་ཚིག་གཅིག་ཀྱང་མེད་ཅེས་བརྗོད་པ་དང་། ཁྲིམས་འཆར་འདིའི་ནང་ང་ཚོས་གཞུང་འབྲེལ་འབྲེལ་ལམ་འདི་བྱེད་མི་ཆོག་ཅེས་པའི་ཚིག་གཅིག་ཀྱང་མེད་ཅེས་བརྗོད་ཡོད་འདུག (Ms. McClain)ལྕམ་མེག་ཁི་ལེན་གྱིས་བྷ་ཌན་སྲིད་གཞུང་གིས་རྒྱ་ནག་དང་འབྲེལ་གཏུག་བྱེད་པའི་གཞུང་འབྲེལ་འབད་བརྩོན་ལ་མཐོང་ཆུང་བྱེད་ཀྱི་འདུག སྐད་ཆ་བཤད་ན་ཕན་ཐོགས་ཡོང་གི་རེད་ཅེས་ངས་རེ་བ་བྱེད་ཀྱི་ཡོད། འོན་ཀྱང་དེས་ཕན་ཐོགས་བྱུང་མེད་ལ། དེས་ནམ་ཡང་ཕན་ཐོགས་བྱུང་མེད་ཅེས་བརྗོད་འདུག

གསར་འགོད་པ། བསོད་ནམས་ཕུན་ཚོགས།