ཨ་རིའི་སྲིད་འཛིན་གྱི་དམ་འབུལ་མཛད་སྒོའི་ཐོག་བསླེབས་པའི་རྒྱ་ནག་གི་སྲིད་འཛིན་གཞོན་པར་ངོ་རྒོལ་ལས་འགུལ་སྤེལ།
ཨ་རིའི་འདེམས་ཐོན་སྲིད་འཛིན་ཊོམ་གྱི་དམ་འབུལ་མཛད་སྒོའི་ཐོག་རྒྱ་ནག་གི་སྲིད་འཛིན་གཞོན་པ་བསླེབས་པར། བོད་མི་དང་ཡུ་གུར་བས་ངོ་རྒོལ་བྱས་པ་མ་ཟད། བོད་རང་བཙན་སློབ་ཕྲུག་ཚོགས་པ་གཙོས་པའི་ཚོགས་པ་གསུམ་གྱིས་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཨ་རིའི་སྲིད་འཛིན་གྱི་དམ་འབུལ་མཛད་སྒོར་ཞུགས་པར་ངོ་རྒོལ་དང་། ཨ་རིའི་སྲིད་གཞུང་གསར་པས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་གྱི་ཆོད་སེམས་བརྟན་པོ་འཛིན་དགོས་པ། ནག་ཉེས་ཅན་གྱི་རྒྱ་ནག་གི་འགོ་ཁྲིད་ཚོ་ལ་ཉེས་ཆད་གཅོད་དགོས་པ་སོགས་ཀྱི་བསྒྲགས་གཏམ་ཞིག་སྤེལ་འདུག

ཟླ་འདིའི་ཚེས་༢༠ ཉིན་ཨ་རིའི་འདེམས་ཐོན་སྲིད་འཛིན་ཊོམ་གྱི་དམ་འབུལ་གྱི་མཛད་སྒོའི་ཐོག རྒྱ་ནག་གི་སྲིད་འཛིན་གཞོན་པ་བསླེབས་ཡོད་པར་བརྟེན། ནིའུ་ཡོག་དང་ནིའུ་་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་(DC) ལ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་འདུག
ཐེངས་འདིའི་ལས་འགུལ་ནང་ཨ་རིའི་ནིའུ་ཡོག་དང་ནིའུ་ཇར་སི། ཝ་ཤིན་ཊོན་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ཁག་ཅིག་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི། བོད་རང་བཙན་འཐབ་རྩོད་པ་ཐུབ་བསྟན་ཆོས་ཉིད། དེ་བཞིན་ཡུ་གུར་གྱི་ལས་འགུལ་བ་སོགས་མི་གྲངས་༢༥ ཙམ་མཉམ་ཞུགས་གནང་ཡོད་འདུག
སྐབས་དེར་ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བློ་བཟང་ཚེ་རིང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་མེད་པ་དང་། རྒྱ་གཞུང་གིས་བོད་མི་ཚོ་ལ་མནར་གཅོད་གཏོང་བཞིན་པ། བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་སོགས། བོད་ཀྱི་འཐབ་རྩོད་ཀྱི་དཀའ་ངལ་དེ་མ་སེལ་བར། རྒྱ་གཞུང་གི་སྲིད་འཛིན་གཞོན་པ་ཨ་རིར་ཡོང་རྒྱུའི་འོས་བབ་མེད་པས། ཁོ་ལ་ངོ་རྒོལ་བྱེད་དུ་བསླེབས་པ་ཡིན་ཞེས་ཐུབ་བསྟན་ཆོས་ཉིད་ཀྱི་ངོ་དེབ་ཐོག་ཏུ་བརྗོད་འདུག
ལས་འགུལ་བ་ཚོས་བོད་ནང་མི་རིགས་རྩ་མེད་གཏོང་རྒྱུ་མཚམས་འཇོག་དགོས། བོད་ནི་བོད་ཡིན་པ་ལས་ཤིས་ཙང་མིན། བོད་ནང་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭ་མཚམས་འཇོག་དགོས་པ་སོགས་ཀྱི་འབོད་སྒྲ་བསྒྲགས་ནས་ངོ་རྒོལ་བྱས་འདུག

གཞན་ཡང་། བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་ཧོང་ཀོང་(DC4HK) དང་། ཡུ་གུར་ཨ་རི་བ་མཐུན་ཚོགས་(UAA) བཅས་མཉམ་འབྲེལ་གྱིས་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཨ་རིའི་སྲིད་འཛིན་གྱི་དམ་འབུལ་མཛད་སྒོར་ཞུགས་པར་ངོ་རྒོལ་བསྒྲགས་གཏམ་ཞིག་སྤེལ་འདུག་པ་དང་།
བསྒྲགས་གཏམ་ནང་། ཨ་རིའི་སྲིད་གཞུང་གསར་པས་རྒྱ་ནག་དང་འབྲེལ་བ་བྱེད་པའི་སྐབས། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གཙོ་བོར་འཛིན་དགོས་པ་དང་། རྒྱ་ནག་གིས་བོད་དང་ཡུ་གུར། ཧོང་ཀོང་བཅས་སུ་སྤེལ་བའི་ནག་ཉེས་ལ་འགན་འཁུར་འཇུག་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག

རྒྱ་ནག་གི་སྲིད་འཛིན་གཞོན་པ་ཁོ་ནི་བོད་དང་ཡུ་གུར་བ་རྩ་མེད་གཏོང་བྱེད་ཀྱི་དྲག་གནོན་སྲིད་བྱུས་ཀྱི་འཆར་འགོད་པ་གཙོ་བོ་ཞིག་ཡིན་པ་དང་། རྒྱལ་ཁབ་བདེ་འཇགས་ཀྱི་མིང་ཐོག་ནས་ཧོང་ཀོང་གི་རང་དབང་རྩ་མེད་བཟོ་བཞིན་པའི་སྲིད་གཞུང་གི་གོ་གནས་མཐོ་བའི་འགོ་ཁྲིད་ཅིག་ཡིན་འདུག་པས། ཁོ་སྲིད་འཛིན་གྱི་དམ་འབུལ་གྱི་མཛད་སྒོར་ཞུགས་པ་དེས་སྒེར་གཅོད་པ་དང་རྒྱ་གཞུང་གི་དབང་སྒྱུར་འོག་མི་ས་ཡ་མང་པོ་དཀའ་ངལ་མྱོང་བཞིན་པ་དྲན་སྐུལ་ཞིག་ཆགས་ཡོད་པ་སོགས་འཁོད་འདུག
ཚོགས་པ་གསུམ་གྱི་བསྒྲགས་གཏམ་དེ་བརྒྱུད། ཨ་རིའི་སྲིད་གཞུང་གསར་པས་བོད་དང་ཡུ་གུར་བ། ཧོང་ཀོང་བཅས་ཀྱི་འགོ་ཁྲིད་རྣམས་དང་མཇལ་འཕྲད་ཀྱིས་གདུང་སེམས་མཉམ་བསྐྱེད་ཡོད་པ་གསལ་སྟོན་བྱེད་དགོས་པ། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་ནག་ཉེས་ཅན་གྱི་རྒྱ་ནག་གི་འགོ་ཁྲིད་ཚོ་ལ་ཉེས་ཆད་ཆེ་རུ་གཏོང་དགོས་པ་སོགས་ཀྱི་འབོད་སྐུལ་ཞུས་འདུག ཨ་རིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་བྱེད་རྒྱུའི་ཆོད་སེམས་བརྟན་པོ་འཛིན་དགོས་པ་དང་། ཕྱི་འབྲེལ་སྲིད་བྱུས་ཀྱིས་མང་གཙོའི་རིན་ཐང་མཚོན་ཐུབ་པ་བྱེད་དགོས་པ་སོགས་བཀོད་འདུག།།
གསར་འགོད་པ། བློ་བཟང་རྒྱ་མཚོ།