ཨ་རིའི་སྲིད་འཛིན་གྱིས་ཨུ་རུ་སུའི་སྲིད་འཛིན་ནི་ཤན་པ་ཞིག་རེད་ཅེས་བརྗོད།
ཟླ་འདིའི་ཚེས་༢༦ ཉིན་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། པོ་ལེན་ཊི་རྒྱལ་ཁབ་ཏུ་ཨ་རིའི་སྲིད་འཛིན་བྷ་ཌན་བསྐྱོད་པའི་སྐབས་སུ་ཡུལ་དེར་འབྱོར་བའི་ཡུག་རེན་གྱི་སྐྱབས་བཅོལ་བ་རྣམས་དང་ཐུག་འཕྲད་བྱས་ཡོད་པ་དང་། སྐབས་དེ་སྲིད་འཛིན་བྷ་ཌན་གྱིས་ཨུ་རུ་སུའི་སྲིད་འཛིན་ནི་ཤན་པ་ཞིག་རེད་ཅེས་དང་། ཁོང་གིས་མུ་མཐུད་དུ་དབང་ཆ་འཛིན་མི་ཐུབ་ཅེས་བརྗོད་པའི་གནས་ཚུལ་ཐོན་འདུག
གནས་ཚུལ་དེའི་ཐོག་ལ་ཁེར་མེ་ལེན་གྱི་(Kremlin) མགྲིན་ཚབ་པས་གནད་དོན་དེ་ནི་ཨ་རི་ལ་དབང་ཆ་མེད་པ་མ་ཟད། ཐག་གཅོད་དེ་ཡང་སྲིད་འཛིན་བྷ་ཌན་གྱིས་བྱེད་རྒྱུ་ཞིག་མ་ཡིན་པར་ཨུ་རུ་སུའི་སྲིད་འཛིན་ནི་ཨུ་རུ་སུ་མི་མང་གིས་འདེམ་རྒྱུ་ཞིག་རེད་ཅེས་བརྗོད་འདུག
དེ་རྗེས་ཨ་རིིའི་ཕོ་བྲང་དཀར་པོའི་དཔོན་རིགས་ཤིག་གིས་སྲིད་འཛིན་བྷ་ཌན་གྱིས་གསུང་པ་དེ་ནི་ཨུ་རུ་སུའི་དབང་འཛིན་སྲིད་ལུགས་བསྒྱུར་བཅོས་བྱེད་དགོས་ཞེས་པའི་དོན་མ་ཡིན་པར། ཨུ་རུ་སུའི་སྲིད་འཛིན་ལ་ཁྱིམ་མཚེས་རྒྱལ་ཁབ་ཐོག་ཏུ་དབང་ཆ་བེད་སྤྱོད་བྱེད་བཅུག་མི་རུང་བ་ཡིན་ཞེས་པའི་དོན་ཡིན་ཞེས་བརྗོད་ཡོད་འདུག
ཨ་རི་སྲིད་འཛིན་བྷ་ཌན་གྱིས་པོ་ལེན་ཊི་ས་ཆ་ཝར་སོ་(Warsaw) རུ་བཤད་པའི་གཏམ་བཤད་དེ་ནི་ཨ་རི་སྲིད་འཛིན་ཉིན་གསུམ་གྱི་རིང་བྱང་ཆིངས་རྩ་འཛུགས་དང་G༧ ཟེར་བའི་སྟོབས་ཆེན་རྒྱལ་ཁབ་བདུན། ཡུ་རོབ་མཐུན་ཚོགས་བཅས་དང་མཇལ་ཕྲད་བྱས་པའི་རྗེས་སུ་བཤད་པ་ཞིག་རེད་འདུག་ལ། ཨུ་རུ་སུས་ཡུག་རེན་གྱི་ནུབ་ཕྱོགས་གྲོང་ཁྱེར་Lviv དུ་མེ་ཤུགས་འཕུར་མདའ་འཕངས་པའི་དུས་མཚུངས་སུ་ཡང་རེད་འདུག
ཉིན་ཤས་གོང་རྒྱ་གར་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལ་བལྟས་ན། ལོ་འདིའི་ལོ་མཇུག་ཏུ་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་(G༢༠) ལྷན་ཚོགས་དེ་ཨིན་ཏུ་ནི་ཤི་ཡའི་རྒྱལ་ཁབ་ཏུ་འཚོགས་རྒྱུ་ཡིན་པ་དང་ལྷན་ཚོགས་དེའི་ཐོག་ཏུ་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་ཡང་མཉམ་ཞུགས་བྱེད་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག
གཞན་ཡང་ལྷན་ཚོགས་དེའི་ཚོགས་མི་རྒྱལ་ཁབ་ཁག་གཅིག་གིས་ཨུ་རུ་སུ་ནི་ལྷན་ཚོགས་དེའི་ནང་ནས་ཕྱིར་འབུད་བྱེད་དགོས་པའི་གྲོས་འགོ་བཏོན་འདུག་ཀྱང་། རྒྱ་ནག་གིས་ཨུ་རུ་སུའི་བཙན་འཛུལ་ལ་ཉེས་འཛུགས་མ་བྱས་པའི་ཐོག་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུའི་ཐོག་ལ་ཉེས་ཆད་འགེལ་བ་དེ་ལ་སྐྱོན་བརྗོད་བྱས་འདུག་པ་མ་ཟད། ཨུ་རུ་སུ་ནི་ལྷན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་གལ་ཆེན་ཞིག་རེད་ཅེས་བརྗོད་ནས་ཨུ་རུ་སུ་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པའི་གནས་ཚུལ་ཡང་ཐོན་འདུག ལོ་འདིའི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་(G༢༠) ལྷན་ཚོགས་དེ་ནི་ཨིན་ཏུ་ནི་ཤི་ཡའི་རྒྱལ་ཁབ་ནང་དུ་འཚོག་རྒྱུ་དང་༢༠༢༣ ལོའི་ལྷན་ཚོགས་དེ་རྒྱ་གར་དུ་འཚོགས་རྒྱུ་རེད་འདུག །
གསར་འགོད་པ་བློ་བཟང་རྒྱ་མཚོ།