ཨ་རིའི་སྲིད་འཛིན་གྱིས་ཨི་རན་ལ་རྡུལ་ཕྲན་མཚོན་ཆ་ནམ་ཡང་བཟོ་འཇུག་རྒྱུ་མིན་ཞེས་བརྗོད་འདུག

ད་ཆར་ཨ་རི་དང་ཨི་རན་གཉིས་བར་གྱི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་ནས་ཉེ་ཆར་ཨི་རན་ནང་དུ་ཡོད་པའི་ཨ་རིའི་གཞུང་ཚབ་ཀྱི་ལས་བྱེད་གལ་ཆེ་བ་འགའ་ཤས་མ་གཏོགས། གཞན་ཚང་མ་ཨི་རན་ནས་ཁ་བྲལ་ཏེ་ཨ་རི་ལ་ལོག་དགོས་པ་བརྗོད་ཡོད་འདུག་པར་བརྟེན། སྲིད་འཛིན་ཊོམ་གྱིས་ཨ་རིའི་ངོས་ནས་ཨི་རན་ལ་ནམ་ཡང་རྡུལ་ཕྲན་མཚོན་ཆ་བཟོ་འཇུག་རྒྱུ་མིན་པ་དང་། ཨི་སི་རེལ་གྱིས་ཨི་རན་ལ་དམག་རྒྱག་རྒྱུའི་གྲ་སྒྲིག་བྱས་ཟིན་པས། ཨ་རིའི་ལས་བྱེད་ཚོ་ཨི་རན་ནས་མགྱོགས་པོ་ཁ་འབྲལ་དགོས་པའི་བཀའ་བཏང་ཟིན་ཡོད་འདུག
ཕྱི་ཚེས་༡༢ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ད་ཆར་ཨི་རན་ནང་ཨི་སི་རེལ་གྱིས་དམག་འཁྲུག་རྒྱག་རྒྱུའི་གྲ་སྒྲིག་བྱས་ཟིན་པ་ཨ་རིའི་སྲིད་འཛིན་གྱིས་བརྗོད་འདུག་ལ། ཨི་རན་ནང་དུ་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་གི་ལས་བྱེད་གལ་ཆེ་བ་རྣམས་ལས། གཞན་ལས་བྱེད་ཚང་མ་ཨི་རན་ནས་མགྱོགས་པོ་ཁ་བྲལ་ནས་ཨ་རིར་ལོག་དགོས་པ་ཨ་རིའི་གཞུང་ནས་ལམ་སྟོན་བྱས་ཡོད་འདུག་ཅིང་། ཨ་རིའི་སྲིད་འཛིན་གྱིས་གལ་སྲིད་ཨི་སི་རེལ་དང་ཨི་རན་གཉིས་བར་དམག་འཁྲུག་འགོ་བཙུགས་ཚེ་ཨི་རན་གྱིས་ཨ་རིའི་གཞུང་ཚབ་ཁང་ལ་དམིགས་ནས་གཏོར་རྒོལ་བྱེད་སྲིད་པར་བརྗོད་འདུག གནད་དོན་དེ་ཡོང་དགོས་དོན་གཙོ་བོ་ནི་ཨི་རན་ནང་རྡུལ་ཕྲན་མཚོན་ཆ་བཟོ་ཡི་ཡོད་མེད་སྐོར་གྱི་གླེང་སློང་ཞིག་ཡོང་བཞིན་ཡོད་འདུག་པ་དང་། ཉེ་ཆར་(the Kennedy Center)་ཟེར་བའི་ལྟེ་གནས་ཁང་ཞིག་ལ་སྲིད་འཛིན་ཊོམ་གྱིས་གཏམ་བཤད་གནང་སྐབས། གསར་འགོད་པ་ཞིག་གིས་ཨི་རན་ནང་རྡུལ་ཕྲན་མཚོན་ཆ་བཟོ་ཡི་ཡོད་མེད་སྐོར་འདྲི་དུས། སྲིད་འཛིན་ཊོམ་གྱིས་ཨ་རིའི་ངོས་ནས་ཨི་རན་ལ་ནམ་ཡང་རྡུལ་ཕྲན་མཚོན་ཆ་བཟོ་འཇུག་རྒྱུ་མིན་པ་དང་། གལ་སྲིད་བཟོས་ཚེ་མཇུག་འབྲས་གང་འདྲ་ཡོང་མིན་མ་འོངས་པར་བལྟས་ན་ཤེས་ཀྱི་རེད་ཅེས་བརྗོད་འདུག་ལ། བདུན་ཕྲག་འདིའི་ནང་ཨི་སི་རེལ་གྱི་སྲིད་བློན་དང་ཨ་རིའི་སྲིད་འཛིན་གཉིས་བར་སྐར་མ་༤༠ ཙམ་རིང་ཁ་པར་བརྒྱུད་ནས་ཨི་རན་དང་ཨི་སི་རེན་གཉིས་བར་གྱི་འབྲེལ་ལམ་སྐོར་གྲོས་བསྡུར་བྱས་ཡོད་འདུག་ཀྱང་། ཨི་སི་རེལ་གྱི་སྲིད་བློན་གྱིས་ཨི་རན་ལ་དམག་རྒྱག་རྒྱུ་རང་ལས་གཞན་གྲོས་མོལ་བརྒྱུད་ནས་དཀའ་ངལ་སེལ་ཐབས་མེད་སྐོར་ཊོམ་ལ་ནན་ཏན་གྱིས་བརྗོད་ཡོད་འདུག
གཟའ་ཟླ་བའི་ཉིན་རྒྱལ་སྤྱིའི་རྡུལ་ཕྲན་མཚོན་ཆའི་ནུས་ཤུགས་ཚན་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་དེ་ཨོ་སི་ཊེ་རེ་ཡའི་རྒྱལ་སར་འཚོགས་ནས། ཨི་རན་གྱི་རྡུལ་ཕྲན་མཚོན་ཆའི་སྐོར་གྲོས་བསྡུར་བྱས་ཡོད་འདུག་ཅིང་། སྐབས་དེ་དུས་ཨི་རན་གྱིས་རྡུལ་ཕྲན་མཚོན་ཆ་བཟོ་བཞིན་ཡོད་པའི་དཔང་རྟགས་རྙེད་ཡོད་པར་བརྗོད་འདུག
འོན་ཀྱང་། ཨི་རན་གྱིས་གནས་ཚུལ་དེ་ནི་རྫུན་མ་ཡིན་པ་དང་། ཨི་སི་རེལ་གྱིས་གནས་ཚུལ་རྫུན་མ་བཟོས་ཡོད་ཚུལ་བརྗོད་འདུག ད་ལྟ་ཨི་རན་དང་ཨ་རི་གཉིས་བར་རྡུལ་ཕྲན་མཚོན་ཆ་དང་འབྲེལ་བའི་སྐོར་གྲོས་མོལ་ཞིག་འགྲོ་བཞིན་ཡོད་འདུག་པས། ཨི་རན་གྱི་ཕྱི་སྲིད་བློན་ཆེན་(Aziz Nasirzadeh)ཟེར་བ་དེས་གལ་སྲིད་ཨ་རི་དང་ཨི་རན་གཉིས་བར་གྱི་གྲོས་མོལ་དེ་ལམ་འགྲོ་མ་བྱུང་བ་དང་། སྲིད་འཛིན་ཊོམ་གྱིས་དམག་མི་བཏང་ནས་ཨི་རན་ལ་གཏོར་རྒོལ་བྱས་ཚེ་ཨི་རན་གྱི་ངོས་ནས་ཨི་རན་ནང་དུ་ཡོད་པའི་ཨ་རིའི་མི་སྣ་ཚོ་ལ་རྒོལ་ལན་སློག་རྒྱུ་ཡིན་པར་བརྗོད་འདུག རྒྱུ་མཚན་དེ་ལ་བརྟེན་ནས་ཨ་རིའི་བདེ་སྲུང་དྲུང་ཆེ་(Pete Hegseth )ཟེར་བ་ཁོང་གིས་ཨི་རན་ནང་དུ་ཡོད་པའི་ཨ་རིའི་ལས་བྱེད་འགའ་ཤས་ལས་གཞན་ཚང་མ་ཨ་རིར་ལོག་རྒྱུའི་ཆོག་མཆན་སྤྲད་ཡོད་འདུག དེ་བཞིན་བདེ་སྲུང་དྲུང་ཆེ་ཡིས་གཟའ་ལྷག་པའི་ཉིན་ཨི་རན་གྱིས་རྡུལ་ཕྲན་མཚོན་ཆ་བཟོ་བཞིན་ཡོད་པའི་རྟགས་མཚན་མང་པོ་ཞིག་ནས་མཐོང་རྒྱུ་ཡོད་པར་བརྗོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།