ཨ་རིའི་སྲིད་འཛིན་ཊོམ་གྱིས་ཧ་ཝར་ཌིའི་གཙུག་ལག་སློབ་ཆེན་ནང་ཕྱི་རྒྱལ་གྱི་སློབ་མ་བཀག་འགོག

ཧ་ཝར་ཌི་གཙུག་ལག་སློབ་ཆེན་ནི་འཛམ་གླིང་ནང་གི་མཐོ་སློབ་རྩེ་ཕུད་ཅིག་ཡིན་པ་དང་། འཛམ་གླིང་གི་རྒྱལ་ཁབ་སོ་སོའི་འགོ་ཁྲིད་དང་འབྱོར་ལྡན་མི་སྣ་ཚོའི་བུ་ཕྲུག་གཙོས། ཕྱོགས་གང་སར་ནས་སློབ་མ་སྟོང་ཚོ་མང་པོས་ཧ་ཝར་ཌི་གཙུག་ལག་སློབ་ཆེན་ནང་ཚུད་རྒྱུའི་རྨི་ལམ་གཏོང་གི་ཡོད་ཀྱང་། ད་ཆར་ཨ་རིའི་སྲིད་འཛིན་ཊོམ་གྱིས་ཕྱི་རྒྱལ་གྱི་སློབ་མ་ཚོ་བཀག་འགོག་བྱེད་རྒྱུའི་གསལ་བསྒྲགས་སྤེལ་འདུག 

ཕྱི་ཚེས་༢༥ ཉིན་རྒྱ་གར་གྱི་ཉིན་རེས་གསར་ཁང་ནས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ཚེས་༢༢ ཉིན་སྲིད་འཛིན་ཊོམ་གྱིས་ད་ཆར་ཧ་ཝར་ཌི་གཙུག་ལག་སློབ་ཆེན་ནང་དུ་ཡོད་པའི་སློབ་མ་བརྒྱ་ཆ་༣༡ ཕྱི་རྒྱལ་གྱི་སློབ་མ་ཡིན་པས། མ་འོངས་པར་ཕྱི་རྒྱལ་གྱི་སློབ་མ་ཚོ་ཧ་ཝར་ཌི་གཙུག་ལག་སློབ་ཆེན་ནང་ཡོང་འཇུག་རྒྱུ་མིན་པར་བརྗོད་ཡོད་འདུག  སྲིད་འཛིན་ཊོམ་གྱིས་སློབ་མ་དེ་དག་གི་ཡོང་སའི་རྒྱལ་ཁབ་རྣམས་ནི་ཨ་རི་དང་མཐུན་པོ་མེད་ཅིང་། སློབ་མ་དེ་དག་གིས་སློབ་ཡོན་གང་ཡང་སྤྲོད་ཀྱི་མེད་ཀྱང་། ང་ལ་སུས་ཀྱང་དེ་དག་གི་སྐོར་ཤོད་མཁན་མ་བྱུང་ཞེས་བརྗོད་ཡོད་འདུག ད་དུང་ཊོམ་གྱིས་ཧ་ཝར་ཌི་གཙུག་ལག་སློབ་ཆེན་ལ་ཨ་རིའི་གཞུང་གིས་ཨ་སྒོར་༥༢༠༠༠༠༠༠ གཏོང་གི་ཡོད། མ་འོངས་པར་གཞུང་ནས་དངུལ་དེ་འདྲ་མང་པོ་སྤྲོད་རོགས་ལབ་མ་ཡོང་། དེ་བཞིན་ད་ལྟ་ཧ་ཝར་ཌི་གཙུག་ལག་སློབ་ཆེན་ནང་དུ་ཡོད་པའི་ཕྱི་རྒྱལ་གྱི་སློབ་མ་ཚོའི་མིང་དང་རྒྱལ་ཁབ་གང་ནས་ཡིན་མིན་སོགས་ཀྱི་གནས་ཚུལ་ཞིབ་ཕྲ་གཞུང་ལ་སྤྲོད་དགོས་པར་བརྗོད་ཡོད་འདུག  ཕྱི་ཚེས་༢༣ རེས་གཟའ་པ་སངས་ཉིན་ཨ་རིའི་ཆེས་མཐོ་ཁྲིམས་ཁང་ནས་སྲིད་འཛིན་ཊོམ་གྱི་བཀའ་རྒྱ་དེ་བཀག་ཡོད་འདུག འོན་ཀྱང་། གཟའ་ཉི་མའི་ཉིན་ནས་སྲིད་འཛིན་ཊོམ་གྱིས་ཁྲིམས་ཁང་གི་བཀའ་རྒྱ་དེ་ལ་གདོང་ལེན་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག ཧ་ཝར་ཌི་གཙུག་སློབ་ཆེན་ནང་ལོ་རེར་ཕྱི་རྒྱལ་གྱི་སློབ་མ་གཅིག་པུ་༦༨༠༠ ལྷག་ཡོང་གི་ཡོད་འདུག་ཅིང་། རྒྱ་གར་ནས་ལོ་རེར་སློབ་མ་༥༠༠ ནས་༨༠༠ བར་འཛུལ་བཞུགས་བྱེད་མཁན་ཡོད་འདུག འཛམ་གླིང་ནང་སྐད་གྲགས་ཤིན་ཏུ་ཆེ་བའི་ཧ་ཝར་ཌི་སློབ་ཆེན་ནས་ད་བར་བོད་པ་ཡང་འགའ་ཤས་ཐོན་ཡོད་ཅིང་། དཔེར་ན། སྲིད་ཟུར་བློ་བཟང་སེང་གེ་དང་། སྨན་པ་གཡང་དཀར་། དེ་བཞིན་ད་ལྟ་བོད་པའི་གཞོན་སྐྱེས་འགའ་ཤས་ཀྱང་ཧ་ཝར་ཌིའི་ནང་ཡོད་པར་བརྗོད། གལ་སྲིད་ད་ལྟ་ནས་ཧ་ཝར་ཌི་གཙུག་ལག་སློབ་ཆེན་ནང་ཕྱི་རྒྱལ་གྱི་སློབ་མ་རྣམས་བཀག་འགོག་བྱས་ཚེ། འཛམ་གླིང་གང་སར་ནས་ཡིན་པའི་ཧ་ཝར་ཌིའི་ནང་དུ་ཡོད་པའི་སློབ་མ་༧༠༠༠ ལྷག་ཙམ་ཞིག་གི་མཐོང་མཆན་ལ་དཀའ་ངལ་འཕྲད་རྒྱུ་ཡིན་པར་བརྗོད་འདུག་ལ། (Boston)བྷོ་སི་ཊོན་གྱི་ཁྲིམས་ཁང་ཞིག་གིས་སྲིད་འཛིན་གྱི་བཀའ་རྒྱ་དེ་ནི་ཨ་རིའི་རྩ་ཁྲིམས་དང་འགལ་ཡོད་པར་རྗོད་ཀྱི་ཡོད་འདུག

གསར་འགོད་པ། བསོད་ནམས་ཕུན་ཚོགས།