ཨ་རིའི་སྲིད་འཛིན་ཊོམ་གྱིས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀེམ་དང་ཐུག་འདོད་སྐོར་གསུངས་འདུག 

དེ་རིང་རེས་གཟའ་སྤེན་པའི་ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་སྲིད་འཛིན་ཊོམ་ཕི་ཡིས་སྤྱི་ཚོགས་དྲྭ་ལམ་བརྒྱུད་དེ་བྱང་ཀོ་རི་ཡའི་འགོ་ཁྲིད་ཀེམ་ཇུང་དང་ཐུག་འཕྲད་བྱ་འདོད་སྐོར་གསུངས་འདུག

ཊོམ་ཕི་ཡིས་རྒྱུན་པར་གལ་ཆེ་ཆུང་གི་གནས་ཚུལ་ཕལ་ཆེ་བ་སྤྱི་ཚོགས་དྲ་ལམ་ཐྲོའུ་ཐྲར (Twitter) ཐོག་ཏུ་བཀོད་ནས་ཁྱབ་བསྒྲགས་བྱེད་པ་ལྟར། ད་ཐེངས་ཀྱང་དྲ་ལམ་དེའི་ཐོག་ཏུ་འདི་ལྟར་བཀོད་ཡོད་འདུག་སྟེ། “རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ལྷན་དུ་བྱུང་བའི་ཐུག་འཕྲད་འདུས་པའི་ཐུག་འཕྲད་ཤིན་ཏུ་གལ་ཆེན་འགའི་རྗེས་སུ། ང་རང་(ལྷོ་ཀོ་རི་ཡའི་སྲིད་འཛིན་མོན་དང་ལྷན་དུ)ཉི་ཧོང་ནས་ལྷོ་ཀོ་རི་ཡར་འགྲོ་རྒྱུ་ཡིན། ལྷོ་ཀོ་རི་ཡའི་ནང་འདུག་སྐབས། གལ་སྲིད་བྱང་ཀོ་རི་ཡའི་འགོ་ཁྲིད་ལ་འདོད་མོས་ཡོད་ན། ངས་ལྷོ་བྱང་རྒྱལ་ཁབ་གཉིས་ཀྱི་རྒྱལ་མཚམས་སུ་ཁོང་དང་ཐུག་འཕྲད་བྱས་ནས་ལག་འཇུ་དང་འཚམས་འདྲི་ཞུ་འདོད།”

དེ་རིང་ཉི་ཧོང་དུ་འཚོགས་པའི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ཚོགས་འདུ་གྲོལ་མ་ཐག ཨ་རིའི་སྲིད་འཛིན་ལྷོ་ཀོ་རི་ཡ་ལ་ཕེབས་རྒྱུ་ཡིན་པ་དང་། དེར་ཉིན་གཉིས་རིང་འདུག་འཆར་ཡོད་འདུག དེ་སྔོན་བྱང་ཀོ་རི་ཡ་དང་ལྷན་དུ་བྱང་ཀོ་རི་ཡའི་རྡུལ་མཚོན་མེད་པ་བཟོ་བའི་གྲོས་མོལ་ལེགས་གྲུབ་མ་བྱུང་བར་ཉམས་གུད་དུ་འགྲོ་བཞིན་ཡོད་སྟབས། ཨ་རིའི་སྲིད་འཛིན་དེར་ཕེབས་པའི་དམིགས་ཡུལ་ནི། གྲོས་མོལ་དུ་བསྐྱར་གསོ་བྱ་ཆེད་ཡིན་འདུག

སྲིད་འཛིན་ཊོམ་གྱི་སྐད་ཆ་དེ་དང་འབྲེལ་བའི་ཐོག ལྷོ་ཀོ་རི་ཡའི་སྲིད་འཛིན་གྱིས་ད་ལྟའི་ཆར་ཐག་ཆོད་པའི་སྒོ་ནས་བརྗོད་ཐུབ་པ་གང་ཡང་མེད་ཀྱང་། ལྷོ་ཀོ་རི་ཡའི་སྲིད་གཞུང་གིས་ཨ་རི་དང་བྱང་ཀོ་རི་ཡ་གཉིས་གྲོས་མོལ་ཡོང་བར་རེ་བ་རྒྱག་བཞིན་པ་དེར་འགྱུར་ལྡོག་ཕྱིན་མེད་སྐོར་གསུངས་འདུག །

གསར་འགོད་པ་དཀོན་མཆོག་རབ་བརྟན།