ཨ་རིའི་སྲིད་འཛིན་ཊོམ་ལ་ཁ་གཏད་གཅོག་ཆེད་རྒྱ་ནག་གིས་རྒྱ་གར་ལ་མཐུན་ལམ་བྱེད་འགོ་འཛུགས་བཞིན་པ།


ཨ་རྒྱ་གཉིས་ནི་འཛམ་གླིང་ནང་དཔལ་འབྱོར་ཆེ་ཤོས་ཀྱི་རྒྱལ་ཁབ་ཨང་དང་པོ་དང་གཉིས་པ་ཡིན་ཞིང་། རྒྱལ་ཁབ་དེ་གཉིས་བར་ཚོང་གི་འབྲེལ་བ་ཧ་ཅང་གཏིང་ཟབ་ཡོད་ཀྱང་། དེ་སྔོན་ཊོམ་སྲིད་འཛིན་ཐེངས་དང་པོའི་སྐབས་ཨ་རྒྱ་གཉིས་བར་ཚོང་འབྲེལ་གྱི་རྩོད་རྙོག་ཆེན་པོ་བྱུང་ཡོད་པ་བཞིན། འདི་ལོ་ཡང་ཊོམ་བསྐྱར་དུ་འོས་ཐོབ་དུས་རྒྱ་ནག་གི་ཚོང་པ་ཚོ་ལ་མཚོན་ན་ཧ་ཅང་གི་བར་ཆད་ཆེན་པོ་ཞིག་ཏུ་གྱུར་ཡོད་པར་བརྟེན། དེ་ལ་ཁ་གཏད་གཅོག་ཆེད་རྒྱ་ནག་གིས་རྒྱ་གར་གཙོ་བོ་བྱས་པའི་དཔལ་འབྱོར་ཆེ་བའི་རྒྱལ་ཁབ་གཞན་དང་ལྷན་དུ་མཐུན་ལམ་འཛུགས་བཞིན་ཡོད་འདུག

ཕྱི་ཚེས་༡༤ ཉིན་རྒྱལ་སྤྱིའི་གསར་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། འདི་ལོའི་ཨ་རིའི་སྲིད་འཛིན་གྱི་འོས་བསྡུའི་ཁྲོད་ནས་ཊོམ་ལ་རྒྱལ་ཁ་ཐོབ་ཡོད་ཅིང་། སྲིད་འཛིན་ཀྱི་དམ་འབུལ་དེ་ནི་ཕྱི་ལོ་༢༠༢༥ ཟླ་བ་༡ ནང་ཡིན་འདུག་པ་བརྟེན། དུས་རྒྱུན་ཨ་རྒྱ་གཉིས་བར་ཨ་སྒོར་ཐེར་འབུམ་༥༦༠ ཙམ་གྱི་ཚོང་འབྲེལ་ཡོང་གི་ཡོད་འདུག་ཀྱང་། མ་འོངས་པ་དེ་ལས་ཉུང་དུ་འགྲོ་རྒྱུ་ཚོད་དཔག་བྱེད་ཀྱི་ཡོད་འདུག
རྒྱ་ནག་གིས་ཨ་རིའི་སྲིད་འཛིན་གྱི་དམ་འབུམ་མ་བྱས་སྔོན་དུ་ཨ་རི་ལ་བཙོང་རྒྱུའི་དངོས་ཟོག་རྣམས་ཉིན་མཚན་བསྟུད་མར་སྐྱེལ་འདྲེན་བྱེད་བཞིན་ཡོད་འདུག རྒྱུ་མཚན་ནི་ཊོམ་ཨ་རིའི་ཕོ་བྲང་དཀར་པོ་ནང་སླེབས་རྗེས་རྒྱ་ནག་གི་ཚོང་ཟོག་རྣམས་ལ་དཔྱ་ཁྲལ་བརྒྱ་ཆ་༦༠ འགེལ་རྒྱུ་ཡིན་པ་དེ་སྔོན་འོས་བསྡུའི་དྲིལ་བསྒྲགས་སྐབས་ནས་བརྗོད་ཡོད། དེ་བཞིན་སྤྱི་ཚོགས་དྲྭ་ཐོག་ཐོན་བཞིན་པའི་བརྙན་དེ་འདྲའི་ནང་ད་ཆར་རྒྱ་ནག་ནང་ཚོང་གཉེར་ཁང་མང་པོ་ཞིག་དངོས་ཟོག་ཕྱིར་ཚོང་མི་ཐུབ་པའི་དཀའ་ངལ་ཆེན་པོ་འཕྲད་བཞིན་པ་དང་། ད་ནས་བཟུང་དེ་ལས་དཀའ་ངལ་ཆེ་རུ་འགྱུར་རྒྱུ་ཡིན་པ་རྗོད་བཞིན་འདུག མ་འོངས་པ་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་སྲིད་པར་བརྟེན། རྒྱ་ནག་གིས་དེ་ལ་གདོང་ལེན་ཆེད་ཨ་རྒྱ་གཉིས་ཀྱི་ཚོང་འབྲེལ་ཇེ་ཉུང་གཏོང་ཐབས་བྱེད་བཞིན་ཡོད་འདུག་ཅིང་། དེ་ལས་འདམ་ཀ་གཞན་ཞིག་བཙལ་ནས་ལྷོ་ཤར་ཨེ་ཤི་ཡ་དང་། ཨ་ཧྥི་རི་ཀའི་ནང་ཚོང་འབྲེལ་མང་དུ་གཏོང་ཐབས་བྱེད་བཞིན་ཡོད་འདུག
དམིགས་བསལ་རྒྱ་གར་ལྟ་བུ་མཚོན་ན་འཛམ་གླིང་ནང་དཔལ་འབྱོར་ཆེ་ཤོས་ཨང་ལྔ་པ་དང་། ཡར་རྒྱས་མགྱོགས་ཤོས་འགྲོ་མཁན་གྱི་རྒྱལ་ཁབ་ཅིག་ཡིན་པར་བརྟེན། ད་ཆ་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་རྩོད་རྙོག་ལ་ཡང་འདུམ་འགྲིག་བྱུང་ཡོད་ཅིང་། དཔལ་འབྱོར་ཡར་རྒྱས་ཐད་མཉམ་ལས་བྱེད་རྒྱུའི་གྲོས་མཐུན་འབྱུང་གི་ཡོད་འདུག་ལ། དེ་བཞིན་ཕྱོགས་གཉིས་ཀྱི་འབྲེལ་ལམ་བསྐྱར་གསོའི་ཐད་གནད་དོན་འགའ་ཤས་སྐོར་གྲོས་མོལ་ཡོང་གི་ཡོད་འདུག དཔེར་ན། རྒྱ་དཀར་ནག་གཉིས་བར་གནམ་གྲུ་ཐད་ཀར་འཕུར་འཇུག་རྒྱུ་དང་། ཁ་པར་མཉེན་ཆས་བཀག་སྡོམ་བྱས་པ་རྣམས་བསྐྱར་དུ་བེད་སྤྱོད་བྱེད་དུ་འཇུག་རྒྱུ། ཐོངས་མཆན་སྤྲོད་རྒྱུ་ལས་སླ་རུ་གཏོང་རྒྱུ། གསར་འགོད་པ་ཕན་ཚུན་གཏོང་རེས་བྱེད་རྒྱུ། རྒྱ་གར་གྱི་གློག་བརྙན་རྒྱ་ནག་ནང་བཀག་པ་དག་སྟོན་འཇུག་རྒྱུ་སོགས་ཀྱི་རྒྱ་དཀར་ནག་གཉིས་བར་ཚོང་འབྲེལ་དང་། སྤྱིར་བཏང་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་སྔར་ལས་ཡག་ཏུ་གཏོང་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད་འདུག དེ་བཞིན་རྒྱ་ནག་གིས་ད་ཆར་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་རྩོད་རྙོག་མགྱོགས་མྱུར་ངང་སེལ་ཡོད་པ་དང་། ས་མཚམས་རྩོད་རྙོག་གིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་གཏོང་གི་མ་རེད་ཅེས་བརྗོད་ཡོད་འདུག་ཀྱང་། རྒྱ་གར་ངོས་ནས་དང་པོ་ས་མཚམས་རྩོད་རྙོག་དེ་སེལ་ནས་གོམ་པ་གཉིས་པ་སྤོ་དགོས་ཞེས་བརྗོད་ཀྱི་ཡོད་འདུག
སྲིད་དོན་དཔྱད་བརྗོད་པ་དག་གིས་བརྗོད་དོན་ལྟར་ན། ད་ཆ་རྒྱ་ནག་ལ་ཨ་རིའི་སྲིད་འཛིན་གསར་པ་ཊོམ་གྱིས་སྔར་ལས་དམ་དྲག་ཇེ་ཆེ་གཏོང་རྒྱུའི་ཚོད་དཔག་བྱེད་བཞིན་ཡོད་འདུག ད་ཆར་འདམས་ཐོན་ཊོམ་གྱིས་མ་འོངས་པ་ཁོང་གི་སྲིད་གཞུང་ནང་གནད་ཡོད་མི་སྣ་མང་པོ་ཞིག་ད་ལྟ་ནས་བསྐོ་བཞག་བྱེད་བཞིན་ཡོད་འདུག་ཅིང་། གནད་ཡོད་མི་སྣ་མང་པོ་ཞིག་ནི་རྒྱ་ནག་ལ་སྲིད་བྱུས་མཁྲེགས་པོ་འཛིན་རྒྱུར་མོས་མཐུན་ཡོད་མཁན་རྐྱང་རྐྱང་ཡིན་འདུག་པས། མ་འོངས་པ་རྒྱ་ནག་ལ་སྲིད་བྱུས་མཁྲེགས་པོ་ཞིག་འཛིན་སྲིད་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག རྒྱུ་མཚན་དེ་དག་ལ་བརྟེན་ནས་རྒྱ་ནག་གིས་རྒྱ་དཀར་ནག་གཉིས་ནི་ཨ་རིའི་སྲིད་འཛིན་གསར་པ་ཊོམ་གྱི་སྲིད་བྱུས་འོག་མ་འོངས་པར་དཀའ་ངལ་འཕྲད་མཁན་གཅིག་པ་ཆགས་ཀྱི་ཡོད་ཅིང་། དེ་ལ་གདོང་ཆེད་རྒྱ་དཀར་ནག་གཉིས་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་བྱེད་དགོས་ཞེས་བརྗོད་ཡོད་འདུག་ཀྱང་། རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་(S Jaishankar)ཨ་སི་ཇེ་ཤང་ཀར་གྱིས་ད་ཆར་ཨ་རིའི་སྲིད་འཛིན་གསར་པ་ཊོམ་ལ་རྒྱལ་ཁ་ཐོབ་པར་མང་པོ་ཞིག་འཇིགས་སྣང་སྐྱེ་བཞིན་ཡོད་ཀྱང་། རྒྱ་གར་ནི་རྒྱལ་ཁབ་དེ་དག་གི་ཁོངས་སུ་མེད་ཅེས་བརྗོད་འདུག།
གསར་འགོད་པ། བསོད་ནམས་ཕུན་ཚོགས།

This will close in 0 seconds