ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་དང་སྐུ་ཟླ་གཉིས་ལ་ཏོག་དབྱིབས་ནད་དུག་འགོས་འདུག
ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱི་སྲིད་འཛིན་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་གྱི་ལམ་སྟོན་པ་ཞིག་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་པ་ར་འཕྲོད་བྱུང་རྗེས། སྲིད་འཛིན་ཁོང་དང་སྐུ་ཟླ་གཉིས་རྟགས་དཔྱད་བྱས་ཏེ་ནད་དུག་འགོས་ཡོད་པ་ར་འཕྲོད་བྱུང་འདུག
ཟླ་༡༠ པའི་ཚེས་༡ ཉིན་ཨ་རིའི་སྲིད་འཛིན་ཊོམ་གྱིས་སྤྱི་ཚོགས་དྲ་ལམ་ཊེའུ་ཊར་ཐོག་ཏུ། ཁོང་གི་སྲིད་འཛིན་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་གྱི་ལམ་སྟོན་དང་ཉེ་བོ་ཡོད་པའི་ལས་བྱེད་གཅིག་ལ་ཏོག་དབྱིབས་ནད་དུག་འགོས་པ་ར་འཕྲོད་བྱུང་ཡོད་པས། ཁོང་དང་སྐུ་ཟླ་མཱེ་ལི་ནཱ་གཉིས་བརྟག་དཔྱད་བྱས་ཟིན་ནས་གྲུབ་འབྲས་བསྒུག་བཞིན་ཡོད་ཁར། ཟུར་བཀག་བྱེད་མགོ་བཙུགས་ཟིན་སྐོར་བརྗོད་འདུག དེའི་རྗེས་སུ་ཚེས་༢ ཉིན་ལ་སྤྱི་ཚོགས་དྲ་ལམ་ཏུ་ཁོང་གཉིས་ཀར་ཏོག་དབྱིབས་ནད་དུག་འགོས་པ་ར་འཕྲོད་བྱུང་སྐོར་དང་། སྨན་བཅོས་འཕྲལ་དུ་འགོ་བཙུགས་རྒྱུ་ཡིན་སྐོར་བརྗོད་འདུག
སྲིད་འཛིན་ཊོམ་གྱི་སྨན་པས་གསལ་བསྒྲགས་ཤིག་སྤེལ་ནས། སྲིད་འཛིན་ཁོང་དང་སྐུ་ཟླ་གཉིས་ཀ་བདེ་པོ་ཡིན་པ་དང་། དྲག་བསྐྱེད་ཀྱི་དུས་ཡུན་རིང་སྲིད་འཛིན་ཁོང་གིས་ལས་འགན་མུ་མཐུད་འཁུར་ངེས་ཡིན་སྐོར་བརྗོད་འདུག
སྲིད་འཛིན་ཊོམ་གྱིས་ཐེངས་མང་པོར་ཁ་རས་གྱོན་པ་དང་མི་གཞན་དང་རྒྱང་ཐག་འཇོག་རྒྱུར་རྒྱབ་སྐྱོར་མེད་པའི་རྣམ་པ་བསྟན་ཡོད་ཁར། ཁོང་གི་རྒྱབ་སྐྱོར་བ་མང་པོ་ཞིག་གིས་ཏོག་དབྱིབས་ནད་དུག་དེ་དངོས་ཡོད་ཡིན་པ་ཡིད་ཆེས་ཀྱང་བྱེད་ཀྱི་མེད་པ་རེད། དེ་བཞིན་ཉེ་ཆར་ཨ་རིའི་སྲིད་འཛིན་འོས་མི་བར་གྱི་བགྲོ་གླེང་དང་པོར། ཊོམ་གྱིས་ཁ་གཏད་ཇཱོ་བྷེ་ཌན་གྱིས་དུས་ཚོད་མང་ཆེ་བར་ཁ་རས་གྱོན་གྱི་ཡོད་སྐོར་བརྗོད་ནས་འཕྱ་སྨོད་བྱས་ཡོད་འདུག
སྲིད་འཛིན་ཊོམ་གྱི་གནས་སྟངས་དང་བསྟུན་ནས། སྲིད་འཛིན་བར་གྱི་བགྲོ་གླེང་ཐེངས་གཉིས་པ་དེ་ཡོང་ཐུབ་མིན་ཐེ་ཚོམས་ཡིན་ཁར། སྲིད་འཛིན་ཁོང་ལོ་ན་༧༤ ཡིན་པས་ཉེན་ཁ་ཡང་ཡོད་པ་རེད་འདུག སྲིད་འཛིན་ཁོང་གིས་ཏོག་དབྱིབས་ནད་དུག་ཡོད་མཁན་ལས་བྱེད་དེ་ནི་ལས་ཀ་ལ་ཧུར་བརྩོན་བྱེད་མཁན་ཡིན་སྐོར་གྱི་བསྟོད་བསྔགས་བྱེད་བཞིན་འདུག
དེ་སྔོན་དབྱིན་ཡུལ་གྱི་སྲིད་བློན་བྷེ་རི་སེ་ཇོན་སོན་དང་། རྒྱ་གར་གྱི་ནང་སྲིད་བློན་ཆེན་ཨ་མིཌ་ཤཱ་ལ་ཡང་ཏོག་དབྱིབས་ནད་དུག་འགོས་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།