ཨ་རིའི་སྲིད་འཛིན་བྷ་ཌན་གྱིས་ཞི་ཅིང་ཕིང་དང་བཀའ་མོལ་གནང་འཆར་ཡོད་འདུག

ཉེ་བའི་ཆར་ཨ་རི་དང་རྒྱ་ནག་བར་ཐེ་ཝན་དང་ཚོང་དོན་གྱི་གནད་དོན་ཐད་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་ཡོད་པར་བརྟེན། ཨ་རིའི་སྲིད་འཛིན་བྷ་ཌན་གྱིས་འབྱུང་འགྱུར་ཉིན་ ༡༠ ཡི་ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ལ་ཁ་པར་བརྒྱུད་ནས་བཀའ་མོལ་གནང་འཆར་ཡོད་པ་བརྗོད་འདུག

FILE PHOTO: U.S. President Joe Biden speaks virtually with Chinese leader Xi Jinping from the White House in Washington, U.S. November 15, 2021. REUTERS/Jonathan Ernst/File Photo

ཟླ་འདིའི་ཚེས་ ༢༡ ཉིན་ཨ་རིའི་སྲིད་འཛིན་བྷ་ཌན་མཆོག་ཨ་རིའི་མངའ་སྡེ་མེ་སེ་ཆུ་སེ་ (Massachusetts) ནང་དུ་འཚམས་གཟིགས་འགྲུབ་ནས་ཕྱིར་ལོག་བྱེད་པའི་སྐབས་གསར་འགོད་པར་བརྗོད་དོན་ལ། “ ངས་འབྱུང་འགྱུར་ཉིན་ ༡༠ ཡི་ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་དང་བཀའ་མོལ་བྱ་རྒྱུ་ཡིན” ཞེས་གསུངས་ཡོད་པ་མ་ཟད། གལ་ཏེ་ཨ་རིའི་སྲིད་འཛིན་གྱིས་རྒྱ་ནག་སྲིད་འཛིན་ཞི་ཅིང་ཕིང་ལ་བཀའ་མོལ་གནང་ཚེ། དེ་ནི་ལོ་འདིའི་ཕྱི་ཟླ་ ༣ རྗེས་ནས་ཕྱོགས་གཉིས་ཀྱི་འགོ་ཁྲིད་བར་སྐད་ཆ་ཤོད་རེས་བྱེད་པ་ཐོག་མ་དེ་ཆག་གི་ཡོད་འདུག་ལ། ད་ཐེངས་གྲོས་མོལ་དེ་ནི་ཨ་རྒྱའི་བར་གྱི་མཛའ་གྲོགས་ཀྱི་འབྲེལ་ལམ་རྒྱུན་འཁྱོངས་བྱ་རྒྱུར་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད་ཅེས་ཕྱི་འབྲེལ་འབྲེལ་མཐུད་དཔྱད་ཞིབ་པས་བརྗོད་ཡོད་འདུག

དེ་བཞིན་ཉེ་ཆར་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནེན་སེ་པི་ལོ་སི་ (Nanci Pelosi) མཆོག་ཐེ་ཝང་དུ་འཚམས་གཟིགས་མ་ཕེབས་པའི་གོང་རྒྱ་ནག་གིས་ཕྱོགས་ནས་གལ་ཏེ་ཨ་རིའི་གྲོས་ཚོགས་འོག་མའི་སྐུ་ཚབ་ཐེ་ཝང་ནང་དུ་འཚམས་གཟིགས་བྱེད་ཚེ། རྒྱ་ནག་གིས་སེམས་ཐག་གཙང་བཅད་ཀྱིས་དྲག་ཤུགས་ལྡན་པའི་བྱེད་ཐབས་སྤྱོད་རྒྱུ་ཡིན་པའི་ཉེན་བརྡ་གཏོང་ཡོད་པ་མ་ཟད། དེ་ནི་རྒྱ་ནག་གི་བདག་དབང་དང་མངའ་ཁོངས་ལ་སྣང་ཆུང་གཏོང་བཞིན་ཡོད་ལུགས་བརྗོད་འདུག

གནད་དོན་དེ་དང་འབྲེལ་ནས་གསར་འགོད་པ་དང་བྷ་ཌན་བར་ཕན་ཚུན་དྲི་བ་དྲིས་ལན་བྱེད་པའི་སྐབས། བྷ་ཌན་གྱིས་ལྕམ་སྐུ་ནེན་སེ་པི་ལོ་སི་ཟླ་རྗེས་མར་ཐེ་ཝན་དུ་འཚམས་གཟིགས་བསྐྱོད་རྒྱུའི་འཆར་གཞི་དེར་དོགས་པ་བྱེད་བཞིན་ཡོད་པ་མ་ཟད། ཁོང་གིས་གསར་འགོད་པ་དག་ལ “ངས་བལྟས་ན་དམག་ཕྱོགས་ཀྱི་ལྟ་ཚུལ་དེ་ནི་བསམ་ཚུལ་ཡག་པོ་ཞིག་མ་རེད། འོན་ཀྱང་ངས་གནས་སྟངས་གང་འདྲ་ཆག་གི་ཡོད་མེད་ཤེས་ཀྱི་མི་འདུག” ཅེས་བརྗོད་ཡོད་འདུག

དེ་ཡང་རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་གྱིས་གསར་འགོད་ལྷན་ཚོགས་ཐོག་བརྗོད་དོན་ལ། ཐེངས་འདིའི་འཚམས་གཟིགས་དེས་ཨ་རྒྱའི་བར་གྱི་མཛའ་གྲོགས་ཀྱི་འབྲེལ་ལམ་ལ་ཤུགས་རྐྱེན་ངན་པ་བཟོ་བཞིན་ཡོད་པ་མ་ཟད། ཐེ་ཝན་རང་བཙན་གྱི་ཁ་བྲལ་ཕྱོགས་གཏོགས་ལ་བརྡ་ལན་ངན་པ་གཏོང་ཡོད་པས། གལ་ཏེ་ཨ་རིའི་ངོས་ནས་ལམ་ནོར་དུ་འགྲོ་རྒྱུའི་མཐའ་འཁྱོངས་བྱེད་ཚེ།རྒྱ་ནག་གིས་སེམས་ཐག་གཙང་བཅད་ཀྱིས་དྲག་ཤུགས་ལྡན་པའི་བྱེད་ཐབས་སྤྱད་དེ་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་པ་མ་ཟད། གནད་དོན་དེ་དང་འབྲེལ་ནས་མཇུག་འབྲས་ཅི་འདྲ་བྱུང་ཀྱང་དེའི་འགན་འཁྲི་ཡོད་ཚད་ཨ་རིས་འཁུར་དགོས་སྐོར་བརྗོད་ཡོད་འདུག

གསར་འགོད་པ། ཆོས་གྲགས།

Share this:

Leave a Reply