ཨ་རིའི་སྲིད་འཛིན་བྷ་ཌན་གྱིས་ཐའེ་ཝན་ལ་གཞུང་འབྲེལ་མིན་པའི་སྐུ་ཚབ་བཏང་འདུག
རྒྱ་ནག་གིས་ཐའེ་ཝན་ལ་དྲག་རྒོལ་བྱེད་རྒྱུ་ཡིན་པའི་འཇིགས་སྐུལ་ཉིན་བཞིན་ཤུགས་ཆེ་རུ་འགྲོ་བཞིན་པའི་ཛ་དྲག་གི་དུས་སྐབས་འདིར། ཨ་རིའི་རིའི་སྲིད་འཛིན་བྷ་ཌན་གྱིས་ཐའེ་ཝན་ལ་གཞུང་འབྲེལ་མ་ཡིན་པའི་སྐུ་ཚབ་བཏང་ནས་ཐའེ་ཝན་དང་། ཐའེ་ཝན་གྱི་མང་གཙོ་སྲུང་སྐྱོབ་བྱེད་རྒྱུ་ཡིན་པའི་མངོན་བརྡ་གལ་ཆེན་ཞིག་བཏང་ཡོད་འདུག
ཕྱི་ཟླ་༤ ཚེས་༡༤ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། སྲིད་འཛིན་བྷ་ཌན་གྱིས་རེས་གཟའ་མིག་དམར་ཉིན་ཐའེ་ཝན་ལ་གཞུང་འབྲེལ་མ་ཡིན་པའི་སྐུ་ཚབ་རུ་ཁག་ཅིག་བཏང་འདུག་པ་དང་། དེས་རེས་གཟའ་ཕུར་བུའི་ཉིན་ཐའེ་ཝན་གྱི་སྲིད་འཛིན་ལྕམ་ཚེ་དབྱིན་ཝང་དང་མཇལ་འཕྲད་ཞུ་གཏན་འཁེལ་ཡོད་འདུག
བྷ་ཌན་སྲིད་གཞུང་གི་ལས་བྱེད་མཐོན་པོ་ཞིག་གིས་ཐེངས་འདིའི་སྐུ་ཚབ་དེ་ཨ་རིས་ཐའེ་ཝན་སྲུང་སྐྱོབ་ཀྱི་ཁྲིམས་(Taiwan Relations Act) གཏན་འབེབས་བྱས་ཏེ་ལོ་༤༢ འཁོར་བའི་དུས་དྲན་དང་སྟབས་བསྟུན་ནས་བཏང་བ་ཞིག་ཡིན་པ་དང་། དེ་ནི་“ཨ་རིའི་སྲིད་གཞུང་ཁག་གིས་ཆབ་སྲིད་ཚོགས་པའི་དབྱེ་བ་མེད་པར་ཐའེ་ཝན་ལ་གཞུང་འབྲེལ་མ་ཡིན་པའི་སྐུ་ཚབ་གཏོང་བའི་ལུགས་སྲོལ་”གྱི་རྗེས་སུ་འབྲངས་པ་ཞིག་ཡིན་པའི་འགྲེལ་བརྗོད་བྱས་འདུག
གཞུང་འབྲེལ་མ་ཡིན་པའི་སྐུ་ཚབ་དེ་ནི་ཨ་རིའི་གྲོས་ཚོགས་འཐུས་མི་ཟུར་པ་གཅིག་དང་། ཕྱི་སྲིད་ལས་ཁུངས་ཀྱི་ལས་བྱེད་ཟུར་པ་གཉིས་ལས་གྲུབ་པ་ཞིག་ཡིན་འདུག་པ་དང་། “སྲིད་འཛིན་བྷ་ཌན་དང་འབྲེལ་བ་ཟབ་ཅིང་ཐའེ་ཝན་ལ་རྒྱུན་རིང་རྒྱབ་སྐྱོར་བྱེད་མཁན་གྱི་མི་སྣ་དེ་གསུམ་སྐུ་ཚབ་ཏུ་བདམས་པ་དེས། ཨ་རིས་ཐའེ་ཝན་དང་ཐའེ་ཝན་གྱི་མང་གཙོ་སྲུང་སྐྱོབ་བྱེད་རྒྱུ་ཡིན་པའི་མངོན་བརྡ་གལ་ཆེན་ཞིག་ཡིན་”པའི་འགྲེལ་བརྗོད་བྱས་འདུག
ཐའེ་ཝན་འདས་པའི་ལོ་ངོ་བཅུ་ཕྲག་བདུན་ཙམ་གྱི་རིང་ལ་རང་བཙན་གྱི་ངོ་བོར་གནས་ཡོད་རུང་། རྒྱ་ནག་གིས་ཐའེ་ཝན་“རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་”ཡིན་ཟེར་ནས་བོད་དང་ཤར་ཏུར་ཀི་སི་ཐན་ལྟར་བཙན་གྱིས་མངའ་འོག་ཏུ་བསྡུ་བའི་དམིགས་ཡུལ་འཆང་གི་ཡོད་ལ། ལྷག་པར་དུ་ཉེ་ཆར་ཐའེ་ཝན་གྱི་ཐོག་ལ་འཇིགས་སྐུལ་དང་སྟོབས་ཤུགས་ངོམས་པ་ཤུགས་ཇེ་ཆེར་ཕྱིན་ནས་དངོས་གནས་དྲག་རྒོལ་བྱེད་རྒྱུ་ཡིན་པའི་རྣམ་པ་སྟོན་བཞིན་ཡོད།
དེ་ལ་ཐའེ་ཝན་གྱིས་“མི་མཐའ་མ་”བར་དུ་འཛིང་གི་ཡིན་ཟེར་ནས་རྒྱ་ནག་གི་དྲག་པོའི་བཙན་འཛུལ་ལ་རྒོལ་ལན་སློག་པའི་གྲ་སྒྲིག་བྱེད་བཞིན་ཡོད་ལ། ཨ་རིས་ཀྱང་ཐའེ་ཝན་གྱི་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་རྒྱུ་ཡིན་པའི་རྣམ་འགྱུར་སྟོན་བཞིན་ཡོད་པ་རེད།
བདུན་ཕྲག་གོང་མའི་རེས་གཟའ་ཉི་མ་ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨན་ཐོ་ནི-བྷི་ལིན་ཁི་(Antony Blinken) ཡིས་སུ་ཞིག་གིས་ཐའེ་ཝན་ལ་དྲག་རྒོལ་བྱས་ན། དེ་ནི་“ནོར་འཁྲུལ་ཚབས་ཆེན་”ཞིག་རེད་ཅེས་བཤད་དེ་རྒྱ་ནག་ལ་ཉེན་བརྡ་བཏང་ཡོད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།