ཨ་རིའི་སྲིད་འཛིན་ཟུར་པ་ཇིམ་མི་ཁར་ཊར་དགུང་ལོ་༡༠༠ འཁྲུངས་སྐར་ལ་༧གོང་ས་མཆོག་གིས་འཚམས་འདྲི་གནང་འདུག

ཕྱི་ཟླ་༡༠ ཚེས་༢ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་སྲིད་འཛིན་ཟུར་པ་(Jimmy Carter)ཇིམ་མི་ཁར་ཊར་མཆོག་དགུང་ལོ་བརྒྱ་ཐམ་པའི་འཁྲུངས་སྐར་ལ་འཚམས་འཕྲིན་ཡི་གེ་ཞིག་བསྩལ་གནང་འདུག་ལ། ཡི་གེ་དེའི་ནང་ཁོང་ཉིད་དགུང་ལོ་༡༠༠ ཕེབས་པ་ནི་སེམས་འགུལ་ཐེབས་པའི་གྲུབ་འབྲས་ཤིག་ཡིན་པར་གསུངས་གནང་འདུག་ལ།
དེ་བཞིན་ཁོང་གི་ནང་མི་དང་མཉམ་དུ་དགའ་སྤྲོའི་ངང་སྲུང་བརྩི་ཞུ་ཐུབ་པའི་རེ་བ་ཡོད་ཅེས་དང་། གཞན་ཡང་སྲིད་ཟུར་ཁོང་གིས་བསྐྱལ་བའི་མི་ཚེ་དེ་དོན་སྙིང་ལྡན་པ་ཞིག་བྱུང་ཡོད་པ་དང་། མཁྱེན་གསལ་ལྟར། མགོན་པོ་གང་ཉིད་ནས་ཁོང་གི་བྱ་བ་བཟང་པོ་རྣམས་ལ་ཡུན་རིང་ནས་ཡི་རངས་བསྔགས་བརྗོད་ཞུ་བཞིན་ཡོད་པ་དང་། དུས་ཡུན་རིང་པོ་དེ་འདྲའི་རིང་འགུལ་བསྐྱོད་ཆེན་པོ་གནང་ཐུབ་པ་ནི་དངོས་གནས་ངོ་མཚར་ཆེ་སྐོར་གསུངས་པ་དང་སྦྲགས། ཁོང་གིས་མུ་མཐུད་ནས་གཞན་ལ་ཕན་ཐོགས་ཡོང་བར་ཐུགས་ཁུར་བཞེས་པ་དེས་ང་ཚོ་ཚང་མར་སེམས་འགུལ་ཐེབས་པ་ཞིག་ཡིན་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྙིང་ཐག་པ་ནས་ཁོང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་གནང་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།