ཨ་རིའི་སྲིད་འཛིན་ཟུར་པ་ཊོམ་གྱིས་རྒྱ་ནག་ལ་ནད་ཡམས་གུན་གསབ་ཆེད་དུ་ཆད་པ་གཅོད་དགོས་སྐོེར་བརྗོད་འདུག
ཨ་རིའི་སྲིད་འཛིན་ཟུར་པ་ཊོམ་གྱིས་ཁོང་གིས་དེ་སྔོན་“རྒྱ་ནད་”ཝུའུ་ཧན་གྲོང་ཁྱེར་གྱི་ནད་འབུ་ཞིབ་འཇུག་ཁང་ནས་བྱུང་བ་ཡིན་ཚུལ་བརྗོད་མྱོང་བ་དེ་འགྲིག་ཡོད་པ་དང་། ནད་ཡམས་ལ་བརྟེན་ནས་བྱུང་བའི་ཚེ་སྲོག་དང་གཏོར་སྐྱོན་གྱི་གུན་གསབ་ཆེད་དུ་རྒྱ་ནག་ལ་ཉེས་ཆད་གཏོང་དགོས་སྐོར་གསུངས་འདུག
སྲིད་འཛིན་ཟུར་པ་ཁོང་གིས་“ད་ལྟ་མི་ཚང་མ་དང་། ཐ་ན་’དགྲ་བོ་ཟེར་བ་’ཡིས་ཀྱང་སྲིད་འཛིན་ཊོམ་གྱིས་རྒྱ་ནད་ནད་འབུ་ཞིབ་འཇུག་ཁང་ནས་བྱུང་བ་ཡིན་ཚུལ་བཤད་པ་བདེན་པ་རེད་ཟེར་བའི་འགོ་རྩོམ་བཞིན་ཡོད་”ཅེས་བརྗོད་འདུག་པ་དང་། སྐབས་འདིར་’དགྲ་བོ་’ཞེས་པའི་ཚིག་འདིས་ཁོང་གི་འོས་བསྡུའི་འགྲན་རྩོད་སྐབས་ཀྱི་ཁ་གཏད་དང་། ད་ལྟའི་ལས་ཐོག་སྲིད་འཛིན་བྷ་ཌན་ལ་བཤད་པ་ཡིན་འདུག
ན་ནིང་སྲིད་འཛིན་ཊོམ་གྱིས་ད་ལྟ་འཛམ་གླིང་ཡོངས་ཁྱབ་ཏུ་གྱུར་བའི་ཏོག་དབྱིབས་ནད་ཡམས་འདི་ལ་“རྒྱ་ནད་”ཅེས་བོས་པ་མ་ཟད། ནད་འབུ་འདི་ཝུའུ་ཧན་གྲོང་ཁྱེར་གྱི་ནད་འབུ་བརྟག་དཔྱད་ཁང་ནས་བྱུང་བ་ཡིན་པའི་དཔང་རྟགས་ཡོད་སྐོར་བརྗོད་ཡོད་རུང་། ད་བར་དངོས་སུ་དཔང་རྟགས་ཁ་གསལ་ཞིག་བསྟན་མེད།
སྐབས་དེར་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཚན་རིག་པ་ཚོས་ནད་འབུ་འདི་སེམས་ཅན་གཞན་ནས་མི་ལ་འགོས་པ་ཞིག་ཡིན་ཚུལ་བཤད་དེ། ནད་འབུ་ཞིབ་འཇུག་ཁང་ནས་བཟོ་སྐྲུན་བྱས་པ་ཞིག་རེད་ཟེར་མཁན་རྣམས་གཞི་མེད་ཀྱི་དཀྲོག་གཏམ་སྤེལ་མཁན་ཡིན་ཚུལ་བསྒྲགས་པ་མ་ཟད། ཐ་ན་ངོ་དེབ་བཟོ་ཚོང་ཁང་གིས་ནད་འབུ་འདི་མིས་བཟོས་པ་ཞིག་ཡིན་པའི་སྐོར་གྱི་རྩོམ་ཡིག་དང་སྐད་ཆ་རྣམས་བཀག་སྡོམ་བྱས་ཏེ་ལྟ་ཀློག་བྱེད་མི་ཐུབ་པ་བཟོས་ཡོད།
ཡིན་ན་ཡང་། ཉེ་ཆར་ཨ་རིའི་ཝོ་ལི་གསར་ཁང་(Wall Street Journal) གིས་རྒྱ་ནག་གི་གྲོང་ཁྱེར་ཝུའུ་ཧན་དུ་ནད་ཡམས་རྒྱ་ཁྱབ་མ་གྱུར་གོང་ལ། ནད་འབུ་ཞིབ་འཇུག་ཁང་གི་ཚན་རིག་པ་འགའ་ལ་ནད་ཡམས་ཀྱི་ནད་རྟགས་ཐོན་ནས་སྨན་ཁང་དུ་ལྷུངས་པའི་གནས་ཚུལ་སྤེལ་བ་མ་ཟད། སྲིད་འཛིན་བྷ་ཌན་གྱིས་ནད་འབུའི་འབྱུང་ཁུང་ལ་རྩད་གཅོད་དང་ཞིབ་འཇུག་མཐིལ་ཕྱིན་པ་བྱེད་དགོས་པའི་བཀའ་བཏང་རྗེས། ཚན་རིག་པ་འགས་ཏོག་དབྱིབས་ནད་འབུ་མིས་བཟོས་པ་ཡིན་ཚུལ་བསྒྲུབས་ཡོད་པའི་ཐོག དེ་ལ་དོ་སྣང་དང་གླེང་སློང་བྱེད་མཁན་ཇེ་མང་དུ་འགྱུར་བཞིན་ཡོད་ལ། ངོ་དེབ་བཟོ་ཚོང་ཁང་ནས་ཀྱང་དེ་འདྲའི་གནས་ཚུལ་བཀག་སྡོམ་བྱེད་མཚམས་འཇོག་གི་ཡིན་པའི་གསལ་བསྒྲགས་སྤེལ་ཡོད།
ཇོན་སི་ཧོབ་ཁིན་སློབ་ཆེན་(Johns Hopkins University) གྱི་གྲངས་ཐོ་ལྟར་ན། ད་བར་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཀྱི་ནད་པ་ས་ཡ་ ༡༧༢.༡ དང་། རྐྱེན་ལམ་དུ་ཕྱིན་པ་ས་ཡ་ ༣.༧ ལྷག་ཡོད་འདུག ། ˌ
གསར་འགོད་པ་དཀོན་མཆོག་རབ་བརྟན།