ཨ་རིའི་སྲིད་འཛིན་འོས་བསྡུ་ཁྲོད་ཌོ་ནལ་ཊམ་རྒྱལ་ཁ་ཐོབ་རྒྱུའི་ཚོད་དཔག་བྱེད་བཞིན་འདུག
ཕྱི་ཟླ་༡༡ པའི་ཚེས་ ༥ ཨ་རི་ནང་གཟའ་མིག་དམར་ཉིན་ཨ་རིའི་རྒྱལ་ཡོངས་འོས་བསྡུ་ཆེན་མོ་འགོ་འཛུགས་བྱས་ཡོད་ཅིང་། འོས་བསྡུ་འདིར་རྒྱལ་སྤྱི་ཁྱོན་ཡོངས་ནས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། ད་ལྟ་མངའ་སྡེ་རིམ་པ་བཞིན་དུ་འོས་བསྡུ་བྱེད་བཞིན་ཡོད་པའི་གནས་ཚུལ་གསར་འགྱུར་བརྒྱུད་ལམ་ཁག་ནས་སྤེལ་བཞིན་པ་རྣམས་ལ་གཞི་ན། ཌོ་ནལ་ཊམ་ལ་འོས་བསྡུ་རྒྱལ་ཁ་འཐོབ་རྒྱུ་གཏན་འཁེལ་གྱི་ཡོད་འདུག འོན་ཀྱང་འོས་བསྡུ་སྤྱི་ཡོངས་ཀྱི་གྲུབ་འབྲས་གསལ་བསྒྲགས་བྱེད་པར་ད་དུང་དུས་ཚོད་འགོར་སྲིདའདུག
རྒྱལ་སྤྱིའི་གསར་འགྱུར་ཁང་ཆེ་ཁག་གི་གནས་ཚུལ་ལྟར་ན། ཨ་རིའི་རྒྱལ་ཡོངས་འོས་བསྡུ་དེ་ལོ་རྒྱུས་ཐོག་ཕྱི་ཟླ་༡༡ པའི་ཟླ་འགོར་བྱེད་སྲོལ་ཡོདའདུག་ཅིང་། དེ་ཡང་ཕྱི་ལོ་༡༨༤༥ ལོར་ཨ་རིའི་གྲོས་ཚོགས་ནས་ཕྱི་ཟླ་༡༡ པའི་བདུན་ཕྲག་དང་པོའི་གཟའ་མིག་དམར་ཉིན་འོས་བསྡུ་བྱེད་རྒྱུའི་ལམ་སྲོལ་གཏན་འབེབས་བྱསའདུག དེའི་རྒྱུ་མཚན་ནི་ཨ་རིའི་ཞིང་པ་རྣམས་ཀྱིས་ཕྱི་ཟླ་༡༡ པའི་ནང་ཞིང་ལས་ཚར་ནས་འོས་ཤོག་འཕེན་པར་འགྲོ་རྒྱུའི་དུས་ཚོད་ཁོམ་པ་ཡོད་པས་ཡིན་འདུག
འདི་ལོའི་འོས་བསྡུ་ནི་ཨ་རི་རྒྱལ་ཁབ་གཅིག་པུ་མིན་པར་འཛམ་གླིང་ཁྱོན་ཡོངས་ཀྱི་ཆབ་སྲིད་འཕོ་འགྱུར་ཁྲོད་གལ་གནད་ཆེན་པོ་ཆགས་ཡོད་ཅིང་། འོས་བསྡུ་འདིའི་ནང་སྤྱི་མཐུན་ཚོགས་པའི་འོས་མི་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་དང་། དམངས་གཙོ་ཚོགས་པའི་འོས་མི་ཀ་མ་ལ་ཧ་རི་སི་གཉིས་བར་མཐའ་མའི་འགྲན་རྩོད་ཐུག་ཡོད།
ཌོ་ནལ་ཊམ་གྱིས་གལ་ཏེ་ཁོང་སྲིད་འཛིན་ཆགས་ཚེ། ཉིན་དང་པོ་ནས་ཨ་རིའི་ནང་ཁྲིམས་འགལ་གྱིས་སྐྱབས་བཅོལ་དུ་ཡོང་མཁན་མང་པོ་ཞིག་ཕྱིར་ལོག་གཏོང་རྒྱུ་དང་། མི་གསོད་དོན་རྐྱེན་ཁྲོད་སྲོག་ཐོག་གི་ཉེས་པ་ཕོག་མཁན་རྣམས་ལ་སྲོག་ཐོག་གཏོང་རྒྱུའི་ཆོག་མཆན་སྤྲོད་རྒྱུ་ཡིན་པ་བརྗོད་འདུག ཁོང་གི་འོས་བསྡུ་དྲིལ་བསྒྲགས་དང་ཆབ་སྲིད་ལམ་ཕྱོགས་ཁྲོད་ཕྱི་མི་གཞི་སྤོ་བ་ཚོར་མི་དགའ་བའི་རྣམ་པ་ཤུགས་ཆེན་པོ་མངོན་གྱི་ཡོད་འདུག
གཞན་ཡང་ཁོང་གིས་ཨུ་རུ་སུ་དང་ཡུ་ཁེ་རེན་གཉིས་བར་འདུམ་སྒྲིག་བྱས་ཏེ་དམག་འཁྲུག་མཚམས་འཇོག་བྱེད་རྒྱུ་དང་། ཡུ་ཁེ་རེན་ལ་རོགས་རམ་མཚམས་འཇོག་བྱ་རྒྱུ་ཡིན་པ་བརྗོད་ཡོད། སྐབས་དེར་ཡུ་ཁེ་རེན་གྱི་ངོས་ནས་ས་ཆ་གང་འཚམས་ཞིག་ཨུ་རུ་སུར་སྤྲོད་དགོས་ཡོང་སྲིད་པ་བརྗོད་ཡོད་འདུག དེའི་རྐྱེན་གྱིས་ཡུ་ཁེ་རེན་གྱི་མི་མང་མང་ཆེ་བས་ཀ་མ་ལ་ཧ་རི་སི་རྒྱལ་ཁ་ཐོབ་རྒྱུའི་རེ་བ་བྱེད་བཞིན་ཡོད་ཀྱང་། ཡུ་ཁེ་རེན་གྱི་ལྷོ་ནུབ་ཕྱོགས་ཀྱི་མི་མང་པོས་ཌོ་ནལ་ཊམ་རྒྱལ་ཁ་ཐོབ་སྟེ་དམག་འཁྲུག་མགྱོགས་པོར་མཇུག་སྒྲིལ་ཡོང་བའི་རེ་བ་བྱེད་བཞིན་ཡོད།
ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཚོས་ཀྱང་འོས་བསྡུའི་གྲུབ་འབྲས་ལ་བློ་འཚབ་ཆེན་པོ་བྱེད་བཞིན་ཡོད། རྒྱུ་མཚན་ནི་ཌོ་ནལ་ཊམ་གྱིས་གལ་སྲིད་ཁོང་སྲིད་འཛིན་ཆགས་ན། བྱང་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཚོགས་མི་ཚོས་བདེ་འཇགས་སྲུང་སྐྱོབ་ཆེད་མ་དངུལ་མ་སྤྲད་ཚེ། རྒྱལ་ཁབ་གཞན་གྱིས་བཙན་འཛུལ་བྱས་ན་ཨ་རིས་སྲུང་སྐྱོབ་མི་བྱེད་པ་བརྗོད་ཡོད་འདུག
རྒྱ་ནག་དང་འབྲེལ་བའི་ཕྱི་འབྲེལ་སྲིད་བྱུས་ཐད། ཀ་མ་ལ་ཧ་རི་སིས་ཁ་གསལ་གང་ཡང་བཤད་མེད་ཀྱང་། ཌོ་ནལ་ཊམ་གྱིས་གལ་སྲིད་ཁོང་སྲིད་འཛིན་ཆགས་ན། རྒྱ་ནག་ནས་ནང་འདྲེན་བྱས་པའི་དངོས་ཟོག་ཐོག་ཁྲལ་བརྒྱ་ཆ་༦༠ འགེལ་རྒྱུ་ཡིན་པ་དང་། རྒྱ་ནག་གིས་ཐའེ་ཝན་ལ་བཙན་འཛུལ་བྱས་ཚེ་ཁྲལ་བརྒྱ་ཆ་༡༥༠ ནས་༢༠༠ བར་འགེལ་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད།
ད་བར་གྱི་འོས་བསྡུའི་གྲུབ་འབྲས་ལ་གཞིགས་ན། སྲིད་དོན་དཔྱད་བརྗོད་པ་ཚོས་འོས་འཕེན་མཁན་ཚོའི་ཁྲོད་ཕོ་མོའི་དབྱེ་འབྱེད་ཤུགས་ཆེན་པོ་ཡོད་པ་བརྗོད་བཞིན་འདུག རྒྱུ་མཚན་ནི་བུད་མེད་ཕལ་ཆེ་བས་ཀ་མ་ལ་ཧ་རི་སི་ལ་རྒྱབ་སྐྱོར་བྱེད་པ་དང་། སྐྱེས་པ་ཕལ་ཆེ་བས་ཌོ་ནལ་ཊམ་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་མངོན་གསལ་དོད་པོ་ཆགས་ཡོད་འདུག
སྤྱི་ཡོངས་ཀྱི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་ད་དུང་བྱས་མེད་ཀྱང་། གསར་འགྱུར་བརྒྱུད་ལམ་ཁག་གི་གནས་ཚུལ་ལྟར་ན། འདི་ལོའི་འོས་བསྡུ་ཁྲོད་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་དེ་སྔོན་ཕྱི་ལོ་༢༠༡༦ འོས་བསྡུ་ལས་རྒྱལ་ཁ་ཆེ་བ་འཐོབ་སྲིད་པའི་ཚོད་དཔག་བྱེད་བཞིན་འདུག རྒྱུ་མཚན་ནི་ཨ་རི་ནང་མངའ་སྡེ་ཆེ་ཁག་བདུན་ནང་འོས་གྲངས་མང་བ་སུ་ལ་ཐོབ་ན་འོས་བསྡུ་རྒྱལ་ཁ་འཐོབ་རྒྱུ་གཏན་འཁེལ་ཡིན་འདུག་པ་བརྟེན། ད་བར་མངའ་སྡེ་བདུན་ནས་མངའ་སྡེ་གསུམ་ནང་ཌོ་ནལ་ཊམ་ལ་རྒྱལ་ཁ་ཐོབ་ཟིན་ཡོད་འདུག་ཅིང་། ཌོ་ནལ་ཊམ་གྱི་ཁོ་རང་འདི་ལོའི་འོས་བསྡུ་ཁྲོད་རྒྱལ་ཁ་ཐོབ་ཡོད་པའི་གསལ་བསྒྲགས་བྱས་ཟིན་འདུག རྒྱ་གར་གྱི་སྲིད་བློན་མོས་ཊི་ཡིས་ཌོ་ནལ་ཊམ་ལ་ཨ་རིའི་སྲིད་འཛིན་འོས་བསྡུ་ཁྲོད་རྒྱལ་ཁ་ཐོབ་འཚམས་འདྲི་ཞུས་ཟིན་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།