ཨ་རིའི་སྲིད་འཛིན་འོས་མི་ཇཱོ་བྷེ་ཌན་གྱིས་གལ་ཏེ་ཁོང་སྲིད་འཛིན་ལ་འདེམས་ཐོན་བྱུང་ན། ༧གོང་ས་མཆོག་ལ་མཇལ་འཕྲད་ཞུ་རྒྱུ་ཡིན་ཞེས་གསུངས་འདུག 

ཨ་རིའི་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཇཱོ་བྷེ་ཌན་གྱིས་གལ་སྲིད་ཁོང་སྲིད་འཛིན་ལ་འདེམས་ཐོན་བྱུང་བ་ཡིན་ན། བོད་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་གྱི་རྒྱ་མའི་འགོ་ཁྲིད་རྣམས་ལ་ཉེས་ཆད་གཅོད་པ་དང་། ༧ཏཱ་ལའི་བླ་མ་དང་མཇལ་འཕྲད་ཞུ་རྒྱུ་ཡིན་སྐོར་གསུངས་འདུག 

ཕྱི་ཟླ་༩ ཚེས་༤ རེས་གཟའ་པ་སངས་ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཇཱོ་བྷེ་ཌན་གྱིས་བོད་དུ་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་མཁན་གྱི་རྒྱ་མིའི་འགོ་ཁྲིད་རྣམས་ལ་ཉེས་ཆད་བཅད་དེ་བོད་ལ་རྒྱབ་སྐྱོར་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ཚུལ་བརྗོད་འདུག

ཁོང་གིས་“ངའི་སྲིད་གཞུང་གིས་བོད་དུ་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་མཁན་གྱི་འགོ་ཁྲིད་རྣམས་ལ་ཉེས་ཆད་གཏོང་རྒྱུ་ཡིན་ལ། འཛམ་གླིང་ཕྱིའི་གནས་ཚུལ་བོད་དུ་འཕྲོད་པའི་ཆེད་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་དང་། ཨ་རིའི་རླུང་འཕྲིན་ཁང་གྱི་བོད་སྐད་སྡེ་ཚན་རྒྱ་བསྐྱེད་བྱེད་པ་སོགས་འདུས་པའི་བོད་མི་ལ་རྒྱབ་སྐྱོར་ཆེ་རུ་གཏོང་རྒྱུ་ཡིན་”ཞེས་གསུངས་འདུག 

གཞན་ཡང་། ཁོང་གིས་གལ་སྲིད་ཁོང་སྲིད་འཛིན་དུ་འདེམས་ཐོན་བྱུང་བ་ཡིན་ན། ཁོང་གིས་༧གོང་ས་མཆོག་དང་མཇལ་འཕྲད་ཞུ་བ་དང་། བོད་ཀྱི་གནད་དོན་ལ་རྟོག་ཞིབ་བྱེད་མཁན་གྱི་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག རྒྱ་ནག་གཞུང་ལ་ཨ་རིའི་གཞུང་འབྲེལ་མི་སྣ་དང་གསར་འགོད་པ་རྣམས་བོད་དུ་འགྲོ་རུ་འཇུག་རྒྱུའི་ནན་སྐུལ་སོགས་བྱེད་རྒྱུ་ཡིན་ཚུལ་བརྗོད་པའི་ཁར། རྒྱ་ནག་གཞུང་གིས་ཉེ་ཆར་བོད་དུ་དམ་དྲག་ཤུགས་ཆེ་རུ་གཏོང་རྒྱུའི་འཆར་གཞི་འཐེན་བཞིན་པ་དེ་ནི། གྲངས་ཉུང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་། རིག་གཞུང་། ཆོས་ལུགས་རྩ་མེད་གཏོང་བའི་འབད་བརྩོན་གསར་ཤོས་དེ་རེད་ཅེས་དགག་པའང་གནང་འདུག 

མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཁོང་གི་གསུང་བཤད་དེའི་ནང་། སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་དང་། ད་ལྟའི་སྲིད་འཛིན་ལས་ཐོག་ཊོམ་གྱིས་རྒྱ་ནག་ལ་བཟུང་བའི་སྲིད་བྱུས་ལ་སྐྱོན་བརྗོད་དང་གནང་འདུག་སྟེ། ཁོང་གིས་“[བོད་ཀྱི་གནད་དོན་ཐོག་]སླར་ཡང་སྲིད་འཛིན་ཊོམ་ཁུ་སིམ་མེར་བསྡད་པ་དེ་ཧ་ལས་པ་ཞིག་རེད། དེའི་ཚབ་ཏུ་ཁོས་ཚོང་འབྲེལ་གྲོས་མཐུན་སྟོང་པ་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་མཛའ་འབྲེལ་བཟང་པོ་སྲུང་སྐྱོབ་བྱེད་རྒྱུའི་ཐོག་ལ་རིག་པ་སྒྲིམ་བཞིན་ཡོད། འདས་པའི་ལོ་ངོ་བཅུ་ཕྲག་གསུམ་ནང་༧ཏཱ་ལའི་བླ་མ་དང་མཇལ་འཕྲད་དམ་བཀའ་མོལ་ཞུ་མྱོང་མེད་པའི་སྲིད་འཛིན་ཐོག་མ་དེ་ཊོམ་ཆགས་ཡོད་པ་དེ་ངོ་ཚ་དགོས་པ་ཞིག་རེད་”ཅེས་སྨྲས་འདུག 

དེ་སྔོན་ཇཱོ་བྷེ་ཌན་གྱིས་“རྒྱ་ནག་ཨ་རིའི་དགྲ་བོ་མ་རེད་”ཅེས་བཤད་དེ་རྒྱ་ནག་ལ་སྲིད་བྱུས་དམ་པོ་འཛིན་མཁན་གྱི་ཊོམ་ལ་དགག་པ་རྒྱག་མྱོང་ཡོད་ན་ཡང་། ཝུའུ་ཧན་ཏོག་དབྱིབས་ནད་ཡམས་དང་། ཧོང་ཀོང་གི་རང་དབང་རྡོག་རོལ་ལ་སོགས་པའི་གནད་དོན་མང་པོ་ཞིག་ལ་བརྟེན་ནས་དེང་སྐབས་ཨ་རིའི་མི་མང་སྤྱིས་རྒྱ་ནག་ལ་བཟུང་བའི་ལྟ་སྟངས་ཡོངས་སུ་འགྱུར་ཡོད་སྟབས། ཊོམ་གྱིས་“པེ་ཅིང་གིས་ཇཱོ་བྷེ་ཌན་ཐོབ་ན་བསམ་ཡོད་”ཅེས་བརྗོད་པ་དང་། ཇཱོ་བྷེ་ཌན་གྱིས་“ཊོམ་གྱིས་ཞི་ཅིན་ཕིང་གི་མཛའ་འབྲེལ་སྲུང་སྐྱོབ་བྱེད་རྒྱུའི་ཐོག་རིག་པ་སྒྲིམ་བཞིན་ཡོད་”ཅེས་བཤད་དེ་ཕན་ཚུན་སྐྱོན་བརྗོད་ངན་པ་བྱེད་རེས་ཀྱིས་མི་མང་གི་འོས་ཤོག་རག་ཐབས་བྱེད་ཀྱིན་ཡོད་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།