ཨ་རིར་གནས་སྡོད་ཧོང་ཀོང་རང་དབང་འཐབ་རྩོད་པ་ཞིག་གི་ནང་མི་རྒྱ་གཞུང་གིས་འཛིན་བཟུང་དང་བཀག་ཉར་བྱས་འདུག

ཧོང་ཀོང་ནང་དུ་རྒྱ་ནག་གཞུང་གིས་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལུགས་ཟེར་བ་ཞིག་ལག་བསྟར་བྱས་ནས་ཧོང་ཀོང་ནང་དུ་སྔར་དང་མི་འདྲ་བའི་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་འདུག་ཅིང་། ཕྱི་རྒྱལ་དུ་ཡོད་པའི་ཧོང་ཀོང་རང་དབང་འཐབ་རྩོད་པ་ཚོའི་ནང་མི་ཧོང་ཀོང་ནང་དུ་འཛིན་བཟུང་དང་བཀག་ཉར་བྱེད་ཀྱི་ཡོད་འདུག
ཕྱི་ཚེས་༢ ཉིན་(Reuters)རུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཧོང་ཀོང་ནང་དུ་རྒྱ་ནག་གཞུང་གིས་གསར་བཟོ་བྱས་པའི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལུགས་ཟེར་བ་དེ་ལག་བསྟར་བྱས་ནས། ཨ་རིའི་ནང་གནས་སྡོད་ཧོང་ཀོང་རང་དབང་འཐབ་རྩོད་པ་(Anna Kwok )ཟེར་བའི་བུད་མེད་དེའི་ཕ་དང་སྤུན་མཆེད་བུ་ཞིག་བཅས་རྒྱ་ནག་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག་པ་དང་། དེ་སྔོན་ཧོང་ཀོང་རང་དབང་འཐབ་རྩོད་པ་(Anna Kwok )ཟེར་བའི་བུད་མེད་དེ་རྒྱ་ནག་གིས་འཛིན་བཟུང་བྱེད་རྒྱུའི་བཀའ་རྒྱ་ཞིག་བཀྲམས་ཡོད་འདུག་ཀྱང་། བུད་མེད་དེ་ཨ་རི་ལ་བྲོས་ནས་ད་ཆར་ཨ་རིའི་ནང་གནས་སྡོད་བྱེད་ཀྱི་ཡོད་འདུག རྒྱ་ནག་གཞུང་གིས་ཧོང་ཀོང་རང་དབང་འཐབ་རྩོད་པ་གཙོ་གྲས་༡༩ འཛིན་བཟུང་བྱེད་རྒྱུའི་བཀའ་རྒྱ་བཀྲམས་ཡོད་པའི་ཁྲོད་ནས་བུད་མེད་དེ་གཅིག་ཡིན་འདུག་པ་དང་། གལ་སྲིད་ཁོང་མོ་འཛིན་བཟུང་བྱེད་ཐུབ་ཚེ་ཧོང་ཀོང་སྒོར་མོ་ས་ཡ་གཅིག་གམ་ཨ་རིའི་སྐོར་མོ་(༡༢༧༦༥༦)སྤྲོད་རྒྱུའི་ཁྱབ་བསྒྲགས་བྱས་ཡོད་འདུག འོན་ཀྱང་། ད་ཆར་བུད་མེད་དེ་ཨ་རིའི་ནང་གནས་སྡོད་བྱེད་ཀྱི་ཡོད་འདུག་ལ། ཝ་ཤིན་ཊོན་དུ་ཡོད་པའི་ཧོང་ཀོང་དམངས་གཙོ་ཚོགས་པ(Hong Kong Democracy Council)ཟེར་བའི་ཚོགས་པ་དེའི་འགན་འཛིན་ཡིན་འདུག ཧོང་ཀོང་ནང་རྒྱ་ནག་གཞུང་གིས་ལག་བསྟར་བྱེད་བཞིན་པའི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལུགས་ཟེར་བ་དེ་ལ་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་མང་པོས་སྐྱོན་བརྗོད་དང་དགག་པ་རྒྱག་གི་ཡོད་འདུག དེ་བཞིན་རྒྱ་ནག་གཞུང་གིས་ཧོང་ཀོང་བ་ཕྱི་རྒྱལ་གནས་སྡོད་བྱེད་མཁན་ཚོའི་ཕ་མ་དང་སྤུན་མཆེད་ཚོ་འཛིན་བཟུང་བྱས་པ་ནི་ཁྲིམས་འགལ་ཡིན་པ་ཨ་རིའི་གཞུང་གིས་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་འདུག བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་ཧོང་ཀོང་གི་ཉེན་རྟོག་པས་ཁྱབ་བསྒྲགས་བྱས་དོན་ལ། ཧོང་ཀོང་ནང་དུ་སྐྱེས་པ་གཉིས་ཚེས་༣༠ ཉིན་འཛིན་བཟུང་བྱས་ཡོད་པ་དང་། གཅིག་རང་ལོ་༣༥ དང་གཅིག་རང་ལོ་༦༨ ཡིན་པར་བརྗོད་འདུག་ལ། ཁོང་གཉིས་ལ་གོང་གསལ་ཧོང་ཀོང་རང་དབང་འཐབ་རྩོད་པ་བུད་མེད་དེ་ནས་དངུལ་འབྱོར་གྱི་ཡོད་པར་བརྗོད་ནས་འཛིན་བཟུང་བྱས་ཡོད་འདུག འོན་ཀྱང་། ཧོང་ཀོང་ནང་དུ་ཡོད་པའི་ས་གནས་ས་གསར་འགྱུར་ལས་ཁུངས་ཚོས་གོང་གསལ་སྐྱེས་པ་གཉིས་དེ་བུད་མེད་དེའི་ཕ་དང་སྤུན་མཆེད་བུ་ཞིག་ཡིན་མིན་གང་ཡང་བརྗོད་ཡོད་མི་འདུག་ཀྱང་། ཕྱིས་སུ་ཤེས་རྟོགས་བྱུང་ཡོད་འདུག ཧོང་ཀོང་གཞུང་གིས་ཁྱབ་བསྒྲགས་བྱས་དོན་ལ་གས་སྲིད་སུ་ཞིག་གིས་ཕྱི་ཕྱོགས་སུ་གནས་སྡོད་རང་དབང་འཐབ་རྩོད་པ་ཚོའི་དངུལ་བླངས་ཚེ་བཙོན་འཇུག་མང་ཤོས་ལོ་༧ བྱེད་རྒྱུ་ཡིན་པའི་ཁྱབ་བསྒྲགས་བྱས་ཡོད་འདུག་ཅིང་། རྒྱབ་ཁབ་བདེ་འཇགས་ཀྱི་ཁྲིམས་ལུགས་འོག་ནས་ཧོང་ཀོང་གི་བདེ་འཇགས་རྒྱུན་གནས་ཐུབ་དགོས་རྒྱུ་གལ་ཆེན་ཡིན་པར་བརྗོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།