ཨ་རིར་གཞོན་སྐྱེས་ཤིག་གིས་བྱིས་པ་༡༩ མེ་མདའ་བརྒྱབ་ནས་བསད་འདུག
རྒྱལ་སྤྱིའི་ནང་མང་ཚོགས་དཀྱིལ་དུ་མེ་མདའ་གང་བྱུང་བརྒྱབ་པའི་གནས་ཚུལ་མང་ཤོས་དེ་ཨ་རིའི་ནང་དུ་ལྷག་བཞིན་པ་ལྟར། ཐེངས་འདིར་གཞི་རིམ་སློབ་གྲྭ་ཞིག་ནང་མེ་མདའ་གང་བྱུང་བརྒྱབ་པའི་གནད་དོན་ལྷག་ནས་བྱིས་པ་ལོ་ཆུང་༡༩ དང་མི་རྒན་པ་༢ བསད་ཡོད་འདུག
ཟླ་༥ པའི་ཚེས་༢༤ ཉིན་ཨ་རིའི་ལྷོ་ཕྱོགས་མངའ་སྡེ་ཀྲེག་སེ་སཱི་ཡི་གཞི་རིམ་སློབ་གྲྭ་ཞིག་ཏུ། རང་ལོ་༡༨ ཡིན་པའི་གཞོན་སྐྱེས་ཤིག་གིས་ལུས་སུ་མེ་མདའ་འགོག་ཆེད་དུ་དམག་ཆས་སོགས་སྤྲས་ནས། འཛིན་གྲྭ་ཁག་ཏུ་འཛུལ་ནས་མེ་མདའ་གང་བྱུང་བརྒྱབ་ཡོད་པ་རེད། དེ་ཡང་ཉེན་རྟོག་པས་བརྗོད་དོན་ལྟར་ན། གཞོན་སྐྱེས་དེས་ཐོག་མར་ཁྱིམ་དུ་རང་གི་རྨོ་རྨོ་ལ་མེ་མདའ་བརྒྱབ་ཡོད་འདུག་པ་དང་། རྗེས་སུ་སློབ་གྲྭ་དེར་སླེབས་སྐབས་ས་མཚམས་སྐོར་སྲུང་བ་ཁག་ཅིག་གིས་ཁོ་ལ་མེ་མདའ་བརྒྱབ་འདུག་ཀྱང་། སློབ་གྲྭ་ནང་དུ་འཛུལ་ཐུབ་པ་བྱུང་འདུག ཕྱིས་སུ་ཉེ་འཁོར་དུ་ཡོད་པའི་ས་མཚམས་སྐོར་སྲུང་བ་ཞིག་གིས་མེ་མདའ་སྐད་གོ་དང་། སློབ་གྲྭར་སླེབས་ནས་དྲག་སྤྱོད་པ་དེ་གསོད་ཐུབ་པ་བྱུང་འདུག
སློབ་གྲྭ་དེར་རང་ལོ་༧ ནས་༡༠ བར་ཡིན་པའི་སློབ་མ་ལོ་ཆུང་༥༠༠ ཙམ་ཞིག་ཡོད་འདུག་པ་དང་། མེ་མདའི་དྲག་སྤྱོད་ཁྲོད་དུ་བྱིས་པ་༡༩ ཡི་ཚེ་སྲོག་ཤོར་འདུག་པ་དང་། མི་རྒན་པ་༢ ཀྱི་ཚེ་སྲོག་ཤོར་བའི་ཁོངས་ནས་གཅིག་ནི་དགེ་རྒན་ཞིག་ཡིན་པ་རེད། མོ་ལ་མཐོ་སློབ་འགྲོ་བཞིན་པའི་བུ་མོ་ཞིག་ཡོད་ཁར། རྒྱུན་དུ་རི་མགོར་འཆམ་འཆམ་དང་རྒྱུག་ཤར་གློད་རྒྱུ་དགའ་པོ་ཡོད་འདུག
དྲག་སྤྱོད་པ་དེའི་གྲོགས་པོ་ཞིག་གིས་བརྗོད་དོན་ལ། དྲག་སྤྱོད་པ་དེ་སློབ་གྲྭར་ཡོད་པའི་སྐབས་སུ་སློབ་མ་ཚོས་ཁོའི་དུག་ལོག་དང་དཔལ་འབྱོར་གནས་སྟངས་ལ་བརྟེན་ནས་མཐོང་ཆུང་བལྟ་ཡི་ཡོད་པས། ཕྱིས་སུ་སློབ་གྲྭར་ཡོང་རྒྱུ་མཚམས་བཞག་ཡོད་སྐོར་བརྗོད་འདུག
ཉེ་འཁོར་གྱི་སྨན་ཁང་ཞིག་གིས་བརྗོད་དོན་ལྟར་ན། སློབ་མ་༡༣ མྱུར་སྐྱོབ་རླངས་འཁོར་རམ་རླངས་འཁོར་བརྒྱུད་སྨན་ཁང་དུ་བསྐྱལ་འདུག་པ་དང་། བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། ས་མཚམས་སྐོར་སྲུང་བ་གཉིས་ལ་མེ་མདའ་ཕོག་ཡོད་པ་རེད།
ཕྱི་ལོ་༢༠༡༢ ལོར་ཨ་རིའི་གཞི་རིམ་སློབ་གྲྭ་ཞིག་ཏུ་མེ་མདའི་དྲག་སྤྱོད་གནད་དོན་ལྷག་ནས། རང་ལོ་༥ ནས་༦ བར་ཡིན་པའི་བྱིས་པ་༢༠ བསད་ཡོད་པ་དང་། མི་སྣ་གཞན་༦ བསད་པའི་གནས་ཚུལ་བྱུང་འདུག་པས། ཐེངས་འདིའི་དྲག་སྤྱོད་གནད་དོན་དེ་སློབ་གྲྭར་མེ་མདའ་གང་བྱུང་བརྒྱབ་པའི་གནས་ཚུལ་ཚབས་ཆེ་ཤོས་གཉིས་པ་ཆགས་ཀྱི་ཡོད་འདུག
ཨ་རིའི་སློབ་གྲྭ་ཁག་ཏུ་མེ་མདའ་གང་བྱུང་བརྒྱབ་པའི་གནས་ཚུལ་བསྟུད་མར་ལྷག་བཞིན་ཡོད་པ་དང་། ལོ་སྔོན་མར་སློབ་གྲྭར་མེ་མདའི་དྲག་སྤྱོད་ཀྱི་གནད་དོན་ཐེངས་༢༦ བྱུང་བ་ཐོ་འགོད་བྱུང་འདུག རྒྱུ་མཚན་དེ་ལ་བརྟེན་ནས་ཨ་རིའི་སློབ་གྲྭ་ཁག་ཏུ་མེ་མདའི་དྲག་སྤྱོད་ཀྱི་གནད་དོན་སྐབས་སུ། རང་སྲུང་གང་འདྲ་བྱེད་དགོས་མིན་གྱི་སྦྱོང་བརྡར་སྤྲོད་ཀྱི་ཡོད་པས། དེ་ལ་བརྟེན་ནས་སློབ་མ་ཚོའི་སེམས་ཁམས་ལ་གནོད་སྐྱོན་ཆེན་པོ་ཐེབས་ཀྱི་ཡོད་པར་ངོས་འཛིན་བྱེད་མཁན་ཡང་མང་པོ་འདུག
ད་ལྟའི་ཆར་ཕྱི་ལོ་༢༠༢༢ ལོ་འགོ་བཙུགས་ནས་ཉིན་གྲངས་༡༤༤ ཕྱིན་མེད་ཀྱང་། ཨ་རིའི་ནང་དུ་མང་ཚོགས་དཀྱིལ་དུ་མེ་མདའ་གང་བྱུང་བརྒྱབ་པའི་གནད་དོན་ཉུང་མཐར་༢༡༢ བྱུང་འདུག་པས། ལོ་འདིའི་ནང་འདས་པའི་ཉིན་གྲངས་ནང་མེ་མདའི་གནད་དོན་མང་པོ་ལྷག་ཡོད་པ་རེད།
ཟླ་༥ པའི་ཚེས་༡༥ ཉིན་ཨ་རིའི་ནིའུ་ཡོག་མངའ་སྡེའི་གྲོང་ཁྱེར་བྷ་ཧྥེ་ལོ་ཞེས་པ་དེར། རང་ལོ་༡༨ ཅན་གྱི་མི་རིགས་དཀར་པོ་ཞིག་གིས་མི་ཚོགས་མང་པོ་ཡོད་པའི་ཚོང་ཁང་ཆེན་མོ་ཞིག་གི་ནང་དུ་འཛུལ་ནས། མང་ཚོགས་དཀྱིལ་དུ་མེ་མདའ་བརྒྱབ་འདུག་པ་དང་། མི་གྲངས་༡༠ དམར་གསོད་བཏང་ཡོད་ཁར། ༣ ལ་རྨས་སྐྱོན་བཟོས་ཡོད་འདུག སྐབས་དེར་དྲག་སྤྱོད་པ་དེའི་ཚད་ལྡན་གྱི་དམག་ཆས་སྤྲས་པ་དང་མཚོན་ཆ་ཁྱེར་ནས་སླེབས་ཡོད་པས། སྒོ་སྲུང་མི་སྣས་ཁ་གཏད་གཅོག་ཐུབ་མེད་པ་དང་། རྗེས་སུ་ཉེན་རྟོག་པ་སླེབས་ནས་འཛིན་བཟུང་བྱས་ཡོད་འདུག དེ་ཡང་ཁོས་མེ་མདའ་རྒྱག་ཡུལ་མི་༡༣ ནང་ནས་༡༠ ནི་མི་རིགས་ནག་པོ་ཡིན་པ་དང་། ཁོས་ཉེན་རྟོག་པར་དྲག་སྤྱོད་དེ་མི་རིགས་ནག་པོར་དམིགས་སུ་བཀར་ནས་སྤེལ་བ་ཡིན་སྐོར་བརྗོད་འདུག
སྤྱིར་བཏང་ཨ་རིའི་ནང་མེ་མདའི་ཁྲིམས་དམ་དུ་གཏོང་ཐབས་བྱེད་མཁན་མང་པོ་ཡོད་ཀྱང་། མེ་མདའ་ཚོང་ལས་ཁང་ཚོའི་དཔལ་འབྱོར་དང་ཞུ་གཏུག་གི་ཤུགས་རྐྱེན་ལ་བརྟེན་ནས། གྲོས་ཚོགས་ནང་དུ་ཁྲིམས་དེ་གཏན་འབེབས་བྱུང་ཐུབ་ཀྱི་མེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།