ཨ་རིས་ཀྱང་རྒྱ་ནག་གི་མཉེན་ཆས་རྣམས་བཀག་སྡོམ་བྱེད་འཆར་འདུག 

ཨ་རིའི་ཕྱི་སྲིད་དྲུང་ཆེ་མཱ་ཁི-ཕོམ་ཕོའོ་(Mike Pompeo) ཡིས་ཋིག་ཋོག་(TikTok) འདུས་པའི་རྒྱ་ནག་གི་སྤྱི་ཚོགས་དྲ་བའི་མཉེན་ཆས་རྣམས་བཀག་སྡོམ་བྱེད་འཆར་ཡོད་སྐོར་བཤད་འདུག

ཕྱི་ཟླ་༧ ཚེས་༧ ཉིན་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་གསལ་དུ། ཨ་རིའི་ཕྱི་སྲིད་དྲུང་ཆེ་མཱ་ཁི-ཕོམ་ཕོའོ་ཡིས་རེས་གཟའ་ཟླ་བའི་དགོང་མོར་ཨ་རིས་ཋིག་ཋོག་འདུས་པའི་རྒྱ་ནག་གི་མཉེན་ཆས་རྣམས་བཀག་སྡོམ་བྱེད་རྒྱུའི་ཐོག་བསམ་གཞིགས་གཏོང་བཞིན་ཡོད་སྐོར་བརྗོད་འདུག 

ཧྥོ་ཁི་སི་གསར་ཁང་(Fox News) ནས་བསྐོངས་པའི་བཅར་འདྲི་ཞིག་གི་ནང་། ཕྱི་སྲིད་དྲུང་ཆེ་ཁོང་གིས་“ང་སྲིད་འཛིན་(ཊོམ་ཕི)གྱི་སྔོན་ལ་དོན་འདོད་མེད། འོན་ཀྱང་དེ་ནི་ང་ཚོས་བསམ་གཞིགས་བྱེད་བཞིན་པའི་གནད་དོན་ཞིག་ཡིན་”ཞེས་བཤད་འདུག

ཟླ་སྔོན་མར་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་དམག་མིའི་བར་དུ་དྲག་པོའི་འཁྲུག་འཛིང་ཞིག་ཤོར་རྗེས། ཨེ་ཤི་ཡའི་སྟོབས་ཆེན་རྒྱལ་ཁབ་གཉིས་ཀྱི་འགལ་ཟླ་ཇེ་ཆེ་དང་ཛ་དྲག་ཏུ་གྱུར་བ་དང་། རྒྱ་གར་གཞུང་ནས་རྒྱ་ནག་གི་མཉེན་ཆས་རྣམས་ཀྱིས་“རྒྱ་གར་རྒྱལ་ཁབ་ཀྱི་བདག་དབང་དང་། རྒྱལ་ཁབ་ཀྱི་བདེ་འཇགས། མི་མང་གི་འཚོ་བ་བཅས་ལ་གནོད་འཚེ་བྱེད་”ཀྱི་ཡོད་ཅེས་བརྗོད་དེ་བརྒྱ་ནག་གི་མཉེན་ཆས་༥༩ བཀག་སྡོམ་བྱས་ཡོད། 

དེ་མིན་ད་རུང་ཕྱི་སྲིད་དྲུང་ཆེ་ཁོང་གིས་ཨ་རིའི་ངོས་ནས་དེ་སྔོན་རྒྱ་ནག་ལ་དཔལ་འབྱོར་ཡར་རྒྱས་གཏོང་བའི་རོགས་རམ་བྱས་ན། རང་བཞིན་གྱིས་ཆབ་སྲིད་ཀྱི་རང་དབང་ཡོང་བར་ཕན་ཐོགས་ངེས་སྙམ་པའི་སྲིད་བྱུས་བཟུང་བ་དེ་ནོར་ཡོད་སྟབས། ད་ནི་རྒྱ་ནག་གི་ཐད་ལ་ངེས་པར་དུ་སྲིད་བྱུས་མ་འདྲ་བ་འཛིན་དགོས་ངེས་རེད་ཅེས་ཀྱང་གསུངས་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།