ཨ་རིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་འཛིན་པའི་འཐབ་ཇུས་བྱེད་ཕྱོགས།

ཕོ་བྲང་དཀར་བོའི་གསར་འགྱུར་དྲུང་ཡིག་གཞུང་ལས་ཁང་།

དུས་ཐོག་འགྲེམས་སྤེལ།༢༠༢༠ ལོའི་ཟླ་༥ཚེས་༢༠ ཉིན།

ལྷ་སྡེ་གནམ་ལོ་ཡག་གིས་བསྒྱུར།

བསྒྱུར་མཆན། འགྱུར་འདི་བོད་ཡིག་བཀོལ་མཁན་ཚོར་ཨ་རྒྱའི་འབྲེལ་ལམ་དཀྱོགས་མཚམས་གསར་བ་ཞིག་ལ་བསྐྱོད་འགོ་ཚུགས་ཟིན་པར་རྒྱུས་ལོན་ཡོང་ཆེད་དབྱིན་རྒྱ་ཤན་སྦྱར་བསྡུར་ནས་བསྒྱུར་བ་ཡིན། ཚད་གཞི་འཛིན་ས་དབྱིན་ཡིག་མ་ཕྱི་བྱེད་དགོས།

ངོ་སྤྲོད།

ཕྱི་ལོ་༡༩༧༩ ལོ་ནས་ཨ་རི་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བར་ཕྱི་འབྲེལ་འགོ་འཛུགས་བྱས་པ་ནས་བཟུང་། ཨ་རིའི་རྒྱ་ནག་ལ་འཛིན་པའི་སྲིད་ཇུས་ཀྱི་ལྟེ་བ་ནི་འབྲེལ་འདྲིས་གཏིང་ཟབ་ཏུ་བཏང་བ་བརྒྱུད་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་ཆབ་སྲིད་སྒོ་འབྱེད་ལ་བསྐུལ་འདེད་ཀྱིས་འཕེལ་རྒྱས་གཏོང་བ་སྔོན་འགྲོ་དང་། དེ་བཞིན་འཛམ་གླིང་ཁེ་ཕན་ལ་འབྲེལ་བ་ཆགས་པའི་འགན་འཁུར་ཞིང་མིག་དཔེ་རང་བཞིན་ལྡན་པའི་སྤྱི་ཚོགས་སྒོ་འབྱེད་ཅན་ཞིག་ཏུ་འགྱུར་བར་རེ་བ་བརྒྱབ་པ་ཡིན། +ལོ་ངོ་༤༠ འདས་པའི་དེ་རིང་། བྱེད་ཐབས་དེ་ཡིས་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱ་ནག་གི་དཔལ་འབྱོར་དང་ཆབ་སྲིད་བཅོས་བསྒྱུར་ཐད་བཅིངས་པའི་བསམ་འདུན་ལ་ཚོད་རྩིས་དམའ་དྲགས་འདུག་པ་མངོན་གསལ་ཡིན་པར་མ་ཟད། སྒོས་སུ་འདས་པའི་ལོ་ངོ་༢༠ རིང་བཅོས་བསྒྱུར་ཇེ་དལ་ལ་བཏང་སྟེ། འཕེལ་མེད་སོར་གནས་སམ་ལྡོག་ཕྱོགས་སུ་འཕེལ་འགོ་ཚུགས་ཡོད། མ་གཞི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཀྱི་དཔལ་འབྱོར་ལ་མུ་མཐུད་དུ་འཕེལ་རྒྱས་བྱུང་བ་དང་འཛམ་གླིང་ལ་འགྲོ་འོང་ཇེ་མང་ལ་སོང་ཡོད་མོད། ཨ་རིའི་རེ་བ་བརྒྱབ་པ་བཞིན་སྤྱི་དམངས་གཙོ་བོར་བཟུང་བའི་རང་དབང་དང་སྒོ་འབྱེད་ཀྱི་འགྲོ་སྲོལ་ནང་དུ་འདྲེས་ཐུབ་མེད། དེ་ལས་ལྡོག་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་རང་དབང་དང་སྒོ་འབྱེད་ཀྱི་འགྲོ་སྲོལ་བེད་སྤྱད་ལ་བཏང་ནས་རང་ཉིད་ཀྱི་འགྲོ་ལུགས་ལྟེ་བར་བཟུང་བའི་རྒྱལ་སྤྱིའི་འགྲོ་སྲོལ་མ་ལག་ཅིག་བསྐྱར་བསྐྲུན་གྱི་རེ་ངན་བཅིངས་ཡོད། པེ་ཅིན་ནས་ཡོངས་གྲགས་སུ་རྒྱ་ནག་དམར་ཤོག་ཚོགས་པའི་འདུ་ཤེས་འཛིན་སྟངས་དང་ཁེ་ཕན་ལ་འཚམས་པའི་རྒྱལ་སྤྱིའི་འགྲོ་སྲོལ་ཞིག་བསྐྲུན་ཐབས་སུ་བརྩོན་བཞིན་པ་ངོས་ལེན་བྱས་ཡོད་པའི་ཁར། རྒྱ་ནག་དམར་ཤོག་ཚོགས་པས་དཔལ་འབྱོར་དང་ཆབ་སྲིད། དམག་དོན་བཅས་ཀྱི་སྟོབས་ཤུགས་བེད་སྤྱོད་ཆེ་རུ་བཏང་སྟེ་མི་རིགས་དང་རྒྱལ་ཁབ་གཞན་ལ་བཙན་གྱིས་དེ་ལུགས་ཡོངས་གྲགས་མ་ཡིན་པར་ངོས་ལེན་བྱེད་དུ་འཇུག་གིན་ཡོད་པས། ཨ་རིའི་གལ་ཆེ་ཁེ་ཕན་ལ་གནོད་སྐྱོན་བཟོས་ཡོད་པ་དང་འཛམ་གླིང་རྒྱལ་ཁབ་ཁག་གི་བདག་དབང་དང་མི་སྒེར་གྱི་བརྩི་མཐོང་ལ་རྡོག་རོལ་བཏང་ཡོད།

པེ་ཅིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་སླད། ཨ་རིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་འགྲན་རྩོད་རང་བཞིན་གྱི་བྱེད་ཐབས་ཤིག་དང་ལེན་བྱས་པ་ཡིན། གཙོ་བོ་ནི་རྒྱ་ནག་དམར་ཤོག་ཚོགས་པའི་དམིགས་འབེན་དང་བྱ་སྤྱོད་ལ་དཔྱད་ཞིབ་བྱེད་རྒྱུ་ཡིན་པར་མ་ཟད། ཨ་རིའི་འཐབ་ཇུས་ཀྱི་ལེགས་ཆ་དང་ཞན་ཆ་ལ་བསྐྱར་དུ་དཔྱད་ཞིབ་ཀྱིས་ཕན་ཚུན་བར་བྱུང་བའི་གཙུབ་བརྡར་རང་བཞིན་གྱི་འགལ་བར་བཟོད་སྒོམ་ཆེན་པོ་བྱས་ཡོད། ང་ཚོའི་བྱེད་ཐབས་ནི་རྒྱ་ནག་གི་ཡན་ལག་གང་རུང་ཞིག་གི་མཐའ་འཇུག་གི་རྣམ་པ་སྔོན་འགྲོར་བཟུང་བའི་དམིགས་འབེན་ཞིག་མིན། དེ་ལས་ལྡོག་སྟེ་ང་ཚོའི་དམིགས་འབེན་ནི་ཨ་རིའི་རྒྱལ་ཁབ་ཀྱི་ཁེ་ཕན་གཙོ་བོ་སྲུང་སྐྱོང་བྱེད་རྒྱུ་དེ་ཡིན། དཔེར་ན། ཕྱི་ལོ་༢༠༡༧ ལོར་ཨ་རིའི་རྒྱལ་ཁབ་བདེ་འཇགས་འཐབ་ཇུས་ནང་གསལ་བའི་གཙོ་གནད་བཞིའི་འགྲེལ་བརྗོད་དེ། ང་ཚོའི་དམིགས་འབེན་ནི། ༡ ཨ་རིའི་མི་དམངས་དང་ཁྱིམ་གཞིས། འཚོ་བ་སྐྱེལ་སྟངས་བཅས་ལ་སྲུང་སྐྱོབ་བྱེད་པ།  ༢ ཨ་རིའི་དར་རྒྱས་ལ་བསྐུལ་འདེད་གཏོང་བ། ༣ སྟོབས་ཤུགས་བཀོལ་ནས་ཞི་བདེ་རྒྱུན་གནས་སྲུང་བ། ༤ ཨ་རིའི་ཤུགས་རྐྱེན་གཏིང་ཟབ་ཏུ་གཏོང་བ།

ང་ཚོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་འགྲན་རྩོད་བྱེད་པའི་ཁ་ཕྱོགས་ལ་དམིགས་འབེན་གཉིས་བཟུང་ཡོད། དང་པོ། ང་ཚོའི་ལས་ཁུངས་ཁག་དང་མནའ་འབྲེལ་དཔུང་རོགས་འབྲེལ་བའི་སྟབས་བདེ་འགྱུར་འགྲོས་ནུས་ཤུགས་མཐོར་འདེགས་བཏང་སྟེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནས་བཏོན་པའི་འགྲན་སློང་ལ་གདོང་ལེན་བྱེད་དགོས། གཉིས་པ། པེ་ཅིན་ལ་གནོན་ཤུགས་སྤྲད་དེ་ཨ་རིའི་མཚོན་པའི་མནའ་འབྲེལ་ཁག་དང་དཔུང་རོགས་རྒྱལ་ཁབ་དག་གི་ཁེ་ཕན་ལ་གནོད་པ་བཟོ་མཚམས་འཇོག་པའམ་ཉུང་དུ་གཏོང་གི་ཡིན། དེ་མཚུངས་སུ་ང་ཚོ་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བར་དུ་འགྲན་རྩོད་ཡོད་སྐབས་ཀྱང་ཁེ་ཕན་གཅིག་གྱུར་ཡོད་སར་མཉམ་འབྲེལ་བྱེད་པར་དགའ་བསུའང་ཡོད། འགྲན་རྩོད་ནི་ངེས་པར་དུ་གདོང་ཐུག་རྒྱག་གྲབས་བྱེད་པའམ་འཐབ་འཁྲུག་རྒྱག་དགོས་པ་ཞིག་ཀྱང་མིན། ཨ་རིས་རྒྱ་ནག་མི་དམངས་ལ་གུས་བརྩི་ཆེན་པོ་བྱེད་ཀྱིན་པར་མ་ཟད། རྒྱ་ནག་དང་ཡུན་རིང་གི་འབྲེལ་ལམ་ཡོད། ང་ཚོར་རྒྱ་ནག་གི་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་འདུན་མེད་ལ། རྒྱ་ནག་མི་དམངས་དང་ཁ་བྲལ་འདུན་ཡང་མེད། ཨ་རིའི་རེ་བར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་འདྲ་མཉམ་འགྲན་རྩོད་བརྒྱུད་ནས་ང་ཚོའི་རྒྱལ་ཁབ་དང་ཁེ་ལས། མི་སྒེར་བཅས་ཀྱིས་བདེ་འཇགས་དང་འཕེལ་རྒྱས་ཀྱི་འཚོ་བ་ཞིག་རོལ་ཐུབ་པ་བྱེད་རྒྱུ་དེ་ཡིན།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཐབ་ཇུས་འགྲན་རྩོད་ཁྲོད་རྒྱལ་དགོས་ན། ཁེ་ཕན་གཅིག་གྱུར་ཡོད་པའི་ཕྱོགས་ཁག་མང་བོ་ཞིག་མཉམ་འབྲེལ་བྱེད་དགོས་པར་མ་ཟད། སྲིད་གཞུང་གིས་དཔུང་རོགས་འབྲེལ་བ་འཛུགས་པར་འབད་བརྩོན་དང་ང་ཚོ་ཐུན་མོང་གི་ཁེ་ཕན་དང་རིན་ཐང་འཛིན་སྟངས་ལ་སྲུང་སྐྱོབ་བྱེད་དགོས། ཐེངས་འདིའི་སྲིད་གཞུང་གི་མཉམ་འབྲེལ་དཔུང་རོགས་ཁྲོད་གྲོས་ཚོགས། མངའ་སྡེ་དང་ས་གནས་སྲིད་གཞུང་། སྒེར་གཉེར་སྡེ་ཁག དམངས་ཁྲོད་སྤྱི་ཚོགས་དང་རིག་གཞུང་ལས་རིགས་བཅས་འདུ།གྲོས་ཚོགས་ནས་རྒྱུན་དུ་ཉན་ཞིབ་དང་གསལ་བསྒྲགས། སྙན་ཐོ་བཅས་བཀོལ་ནས་རྒྱ་ནག་དམར་ཤོག་ཚོགས་པའི་ངན་མཚང་བསྔོགས་ཀྱིན་ཡོད་ལ། གྲོས་ཚོགས་ནས་ད་དུང་ཨ་རིའི་སྲིད་གཞུང་ལ་ཁྲིམས་ཀྱི་དབང་ཆ་དང་མཐུན་རྐྱེན་བསྩལ་ཏེ་སྲིད་གཞུང་གིས་ང་ཚོའི་འཐབ་ཇུས་དམིགས་འབེན་མངོན་འགྱུར་བྱེད་པར་བྱ་སྤྱོད་སྤེལ་གྱི་ཡོད།ཨ་རིའི་སྲིད་གཞུང་གིས་ད་དུང་མནའ་འབྲེལ་དང་དཔུང་རོགས་ཁག་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་ཁ་གཏད་པའི་མངོན་གསལ་དོད་པོའི་བྱེད་ཐབས་ཁག་ལ་གདེངས་འཇོག་བྱེད་ཀྱིན་ཡོད། དེ་དག་ནི་ཡུ་རོབ་མཉམ་འབྲེལ་གྱིས་ཕྱི་ལོ་༢༠༡༩ ཎལོར་པར་བསྐྲུན་བྱས་པའི་“ཡུ་རོབ་མནའ་འབྲེལ་དང་རྒྱ་ནག འཐབ་ཇུས་རྒྱང་ལྟ་”(EU-China: a Strategic Outlook)སོགས་ཡིན།

ཨ་རིས་ད་དུང་ཕྱི་རྒྱལ་གྱི་མནའ་འབྲེལ་རྒྱལ་ཁབ་དང་དཔུང་རོགས། རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་མཉམ་ལས་འབྲེལ་ལམ་བཙུགས་ཏེ་ཁ་ཕྱོགས་ཡར་རྒྱས་གཏོང་ཞོར་ཐུན་མོང་གི་རང་དབང་སྒོ་འབྱེད་ཀྱི་འགྲོ་སྲོལ་དང་རྩ་བའི་ལངས་ཕྱོགས་ལ་རྒྱབ་བསྐྱོར་བྱེད་ཀྱི་ཡིན། ཧིན་རྡུ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་གྱི་ཞིབ་ཕྲའི་བྱེད་ཕྱོགས་ཁག་ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་ཕྱི་ལོ་༢༠༡༩ ལོའི་ཟླ་༦ བཏོན་པའི་“ཧིན་རྡུ་དང་ཞི་བདེ་རྒྱ་མཚོའི་འཐབ་ཇུས་སྙན་ཐོ་དང་ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཕྱི་ལོ་༢༠༡༩ ལོའི་ཟླ་༡༡ ནང་བཏོན་པའི་“རང་དབང་དང་སྒོ་འབྱེད་རང་བཞིན་ལྡན་པའི་ཧིན་རྡུ་དང་ཞི་བདེ་རྒྱ་མཚོའི་འཐབ་ཇུས་སྙན་ཐོ། ཐུན་མོང་གི་མདུན་ལྗོངས་ལ་བསྐུལ་འདེད་གཏོང་བ་སོགས་ཀྱི་ཡིག་ཆའི་ནང་ངོ་སྤྲོད་བྱས་ཡོད། ཨ་རིས་དངོས་སུ་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་མཉམ་འབྲེལ་གྱི་ཧིན་རྡུ་དང་ཞི་བདེ་རྒྱ་མཚོའི་འཐབ་ཇུས་རྒྱང་ལྟ་ལ་འབྲེལ་ལམ་འཛུགས་ཀྱིན་ཡོད། དཔེར་ན། ཉི་ཧོང་གི་རང་དབང་སྒོ་འབྱེད་ཀྱི་ཧིན་རྡུ་དང་ཞི་བདེ་རྒྱ་མཚོའི་འཐབ་ཇུས་མདུན་ལྗོངས། རྒྱ་གར་གྱི་ས་ཁུལ་བདེ་འཇགས་སྲིད་ཇུས་མཐོར་འདེགས། ཨོ་སི་ཁྲི་ལི་ཡའི་ཧིན་རྡུ་དང་ཞི་བདེ་རྒྱ་མཚོའི་འཐབ་ཇུས་ཀྱི་གཞུང་ལུགས། ཀོ་རི་ཡ་ལྷོ་མའི་ལྷོ་ཕྱོགས་གསར་བའི་སྲིད་ཇུས། ཐེ་ཝན་གྱི་ལྷོ་ཕྱོགས་གསར་བའི་སྲིད་ཇུས་སོགས་མདུན་ལྗོངས་དང་བྱེད་ཐབས་གཅིག་གྱུར་ཅན་ཁག་ལ་མཉམ་འབྲེལ་བྱེད་ཀྱི་ཡིན།

སྙན་ཐོ་འདིའི་ནང་དུ་སྲིད་གཞུང་ནི་འགྲན་རྩོད་ཀྱི་ཆ་ཤས་ཤིག་ཡིན་པ་དང་འཛམ་གླིང་གི་ཁྱབ་ཁོངས་སུ་ཁྱོན་ཡོངས་ནས་སྲིད་ཇུས་ལག་བསྟར་སོགས་ལ་ཞིབ་ཕྲའི་ངོ་སྤྲོད་འབྲི་རྩིས་མེད། དེ་ལས་ལྡོག་སྟེ། སྙན་ཐོ་འདིའི་ནང་གཙོ་བོ་ཨ་རིའི་རྒྱལ་ཁབ་བདེ་འཇགས་འཐབ་ཇུས་ཀྱི་ལག་བསྟར་གནས་སྟངས་ངོ་སྤྲོད་བྱེད་ཀྱི་ཡིན་ལ། དེ་ནི་ཐད་ཀར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་བཀོལ་འོས་ཆགས་ཡོད།

འགྲན་སློང་།  

དེང་གི་ཆར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཨ་རིའི་རྒྱལ་ཁབ་ཁེ་ཕན་ལ་ཕྱོགས་མང་བོ་ནས་འགྲན་སློང་བྱེད་ཀྱིན་ཡོད་པ་རེད།

གཅིག དཔལ་འབྱོར་གྱི་འགྲན་སློང་།

པེ་ཅིན་ལ་དཔལ་འབྱོར་བཅོས་བསྒྱུར་ཁས་ལེན་དོན་འཁྱོལ་མ་བྱས་པའི་ཟིན་ཐོ་སྐྱོ་བོ་ཡོད་པར་མ་ཟད། རྒྱལ་ཁབ་ཀྱིས་འགོ་ཁྲིད་པའི་སྲུང་སྐྱོབ་རིང་ལུགས་ཀྱི་སྲིད་ཇུས་དང་བྱེད་ཐབས་ལག་བསྟར་བྱས་ཡོད་པས། ཨ་རིའི་མཐུན་གཉེར་ཁང་དང་ལས་བཟོ་བའི་ཁེ་ཕན་ལ་གྱོང་གུད་ཐེབས་ཡོད། ད་དུང་འཛམ་གླིང་གི་ཚོང་རར་གནོད་སྐྱོན་དང་རྒྱལ་སྤྱིའི་འགྲོ་སྲོལ་ལ་རྒྱབ་འགལ་ཆགས་ཡོད་ཅིང་། ཁོར་ཡུག་ལ་འབག་བཙོག་ཀྱང་བཟོས་ཡོད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཕྱི་ལོ་༢༠༠༡ ལོར་འཛམ་གླིང་ཚོང་དོན་ལྷན་ཚོགས་(WTO) ནང་འཛུལ་ཞུགས་བྱེད་སྐབས། པེ་ཅིན་གྱིས་འཛམ་གླིང་ཚོང་དོན་ལྷན་ཚོགས་ཀྱི་ཚོང་རའི་སྣེ་ཁྲིད་བྱེད་ཕྱོགས་དང་ལེན་བྱེད་པར་ཡིད་འཐད་བྱས་ཡོད་པའི་ཁར། རྩ་དོན་དེ་དག་ཚོང་གི་མ་ལག་དང་སྡེ་ཁག་ནང་བསྡུ་ལེན་བྱས་ཡོད། འཛམ་གླིང་ཚོང་དོན་ལྷན་ཚོགས་ཀྱི་ཚོགས་མི་ཚོས་ཀྱང་རྒྱ་ནག་དེ་བཞིན་མུ་མཐུད་དུ་དཔལ་འབྱོར་བཅོས་བསྒྱུར་གྱི་ལམ་ཆེན་ནང་ཤར་སྐྱོད་ཀྱིས་ཚོང་ར་ཅན་གྱི་དཔལ་འབྱོར་མ་ལག་དང་ཚོང་དོན་མ་ལག་ཅན་ཞིག་ཏུ་འགྱུར་བར་རེ་བ་བརྒྱབ་པ་ཡིན།

རེ་བ་དེ་དག་མངོན་འགྱུར་བྱེད་ཐུབ་མེད། པེ་ཅིན་གྱིས་འགྲན་རྩོད་ལྡན་པའི་ཚོང་དོན་དང་མ་རྐང་འཛུགས་པའི་སྟངས་འཛིན་དང་བྱེད་ཐབས་ནང་ཁུལ་ཅན་དུ་བསྒྱུར་ཞིང་། འཛམ་གླིང་ཚོང་དོན་ལྷན་ཚོགས་ནང་ཞུགས་རྗེས་ཀྱི་ཐོབ་ཐང་ཁག་བེད་སྤྱོད་ཀྱིས་འཛམ་གླིང་སྟེང་གི་ཆེས་ཆེ་བའི་ཕྱི་ཚོང་བྱེད་མཁན་རྒྱལ་ཁབ་ཅིག་ཏུ་གྱུར།དེ་མཚུངས་སུ་འཆར་གཞི་ལྡན་པའི་ལམ་ནས་རྒྱལ་ནང་གི་ཚོང་རར་སྲུང་སྐྱོབ་བྱས། པེ་ཅིན་གྱི་དཔལ་འབྱོར་སྲིད་ཇུས་ཀྱིས་གཞི་ཁྱོན་ཆེ་བའི་བཟོ་གྲྭ་ཁག་གི་ཐོན་ལས་ཕྱི་ཚོང་མ་ཐུབ་པར་ལྷག་པ་དང་འཛམ་གླིང་ཧྲིལ་བོའི་དངོས་གོང་ཆ་ཁ་ཡ་སྡེབ་ཏུ་བཏང་བས། རྒྱ་ནག་གིས་པེ་ཅིན་ནས་མཐུན་རྐྱེན་སྦྱར་བ་མ་ཡིན་པའི་ཁ་གཏད་འགྲན་རྩོད་པར་ཕོག་པའི་གྱོང་གུད་ཀྱི་ཁེ་བཟང་ཟོས་ནས་འཛམ་གླིང་ནང་ཚོང་ར་རྒྱ་བསྐྱེད་བཏང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཚོང་ར་ཅན་མ་ཡིན་པའི་སྒྲིག་འཛུགས་དང་རྒྱལ་ཁབ་ཀྱིས་འགོ་ཁྲིད་པའི་ཚོང་དོན་གཙིགས་འཛིན་ཚོང་ལས་དང་མ་འཇོག་བྱེད་ཐབས་མཐུད་འཛིན་བྱས་འདུག ཆབ་སྲིད་བཅོས་བསྒྱུར་ཡང་ཞ་འཁུམ་རང་བཞིན་དང་ཕྱི་ནུར་འོག་ལྷག་ཡོད་ཅིང་། སྲིད་གཞུང་དང་ཤོག་ཁག་མ་འདྲེས་པའི་རྣམ་པ་རིམ་གྱིས་ཡལ་ཟིན། སྤྱི་ཁྱབ་དྲུང་ཆེ་ཞིས་ཅིན་ཕེན་གྱིས་གཙོ་འཛིན་གྱི་ལས་ཡུན་ལ་དུས་བཀག་མེད་པ་བཟོས་པའི་ཐག་གཅོད་ནི་དོན་དངོས་སུ་རང་ཉིད་ཀྱི་གཙོ་འཛིན་ལས་ཡུན་ལ་དུས་བཀག་མེད་པ་བཟོས་པ་དེ་རེད་ལ། དེ་ནི་འཕེལ་ཕྱོགས་འདི་དག་གི་བསྡུས་གཟུགས་ཙམ་རེད།

ཨ་རིའི་ཚོང་དོན་སྐུ་ཚབ་ཀྱིས་ཕྱི་ལོ་༢༠༡༨ ལོར་རྒྱ་ནག་ལ་ཕྱི་ལོ་༡༩༧༤ ལོའི་ཚོང་ཁྲིམས་དོན་ཚན་༣༠༡ གཞིར་བཟུང་སྟེ། རྒྱ་ནག་དང་འབྲེལ་བའི་ལག་རྩལ་ཕར་སྤྲོད། ཤེས་རིག་ཐོན་དབང་དང་གསར་བསྒྱུར་བྱ་སྤྱོད། སྲིད་ཇུས་དང་བྱེད་ཐབས་བཅས་ལ་རྟོག་ཞིབ་བྱས་པའི་མཐའ་བསྡོམས་ནང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བྱེད་སྟངས་མང་དག་ཅིག་དང་སྲིད་ཇུས། བྱེད་ཐབས་དག་འོས་འཚམས་མ་ཡིན་པ་དང་མཐོང་ཆུང་རང་བཞིན་ལྡན་པས། ཨ་རིའི་ཚོང་ལས་ལ་འགན་ལྕི་མོ་བབས་པ་དང་ཚད་བཀག་ཐེབས་པ་གཏན་འཁེལ་བ་རེད། རྟོག་ཞིབ་ཏན་ཏིག་བརྒྱུད་ནས་ཚོང་དོན་སྐུ་ཚབ་ཀྱིས་བརྙེད་འབྲས་འདི་ལྟར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས། ༡ རེ་བ་བཏོན་པའམ། གནོན་ཤུགས་སྤྲད་དེ་ཨ་རིའི་མཐུན་གཉེར་ཁང་མང་བོས་རྒྱ་ནག་གི་འབྲེལ་ཡོད་ཁག་ལ་ལག་རྩལ་བརྒྱུད་སྤྲོད་བྱེད་དགོས་བྱུང་ཡོད། ༢  ཨ་རིའི་མཐུན་གཉེར་ཁང་ལ་ཚོང་རའི་ཆ་རྐྱེན་ཆོག་མཆན་དང་ལག་རྩལ་ནུས་པའི་ཐད་ནས་དོན་དངོས་རང་བཞིན་གྱི་ཚད་བཀག་བཟོས་འདུག ༣ མཛུབ་སྟོན་དང་འདྲ་མཉམ་མ་ཡིན་པའི་ལམ་ནས་རྒྱ་ནག་ནང་ཁུལ་གྱི་མཐུན་གཉེར་ཁང་ལ་གཞོགས་འདེགས་ཀྱིས་ཨ་རིའི་མཐུན་གཉེར་ཁང་དང་མ་རྩ་བསྡུ་ཉོ་བརྒྱུད་དེ་རྩེར་སོན་ལག་རྩལ་འཕྲོག་ཡོད་འདུག ༤ ཨ་རིའི་མཐུན་གཉེར་ཁང་གི་དྲ་རྒྱར་རྒྱབ་རྩ་ཡོད་ཅིང་ཆོག་མཆན་མེད་པའི་དྲ་རྒྱས་བཙན་འཛུལ་གྱིས་ཚོང་ལས་གསང་བ་བརྐུ་འཁྱེར་བྱས་འདུག

པེ་ཅིན་གྱིས་མངོན་འཕྲོག་རང་བཞིན་གྱི་དཔལ་འབྱོར་བྱ་སྤྱོད་མཚམས་འཇོག་ཐད་ཁས་ལེན་བྱས་པའི་ཡིག་ཆའི་ནང་རྒྱབ་འགལ་དང་ཁ་བཤད་དོན་ལ་མི་གནས་པ་ཁེངས་འདུག ཕྱི་ལོ་༢༠༡༥ ལོར་པེ་ཅིན་གྱིས་སྲིད་གཞུང་གིས་འགོ་ཁྲིད་དེ་དྲ་རྒྱ་བརྒྱུད་ནས་ཚོང་ལས་གསང་བ་བརྐུ་འཁྱེར་བྱས་ནས་ཚོང་ཁེ་ཟ་བཞིན་པའི་བྱ་སྤྱོད་མཚམས་འཇོག་བྱེད་པའི་ཁས་ལེན་བྱས་ཡོད་པར་མ་ཟད། ཕྱི་ལོ་༢༠༡༧ ལོ་དང་༢༠༡༨ ལོ་གཉིས་ལའང་ཁས་ལེན་དེ་བཞིན་བསྐྱར་བསྒྲགས་བྱས་ཡོད། ཕྱི་ལོ་༢༠༡༨ ལོའི་ལོ་མཇུག་ཙམ་ལ་ཨ་རི་དང་རྒྱལ་ཁབ་གཞན་པ་བཅུ་ཕྲག་འགས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ལ་འབྲེལ་བ་ཡོད་པའི་ཚོང་གཉེར་བས་ཕྱི་ལོ་༢༠༡༥ ལོའི་པེ་ཅིན་གྱི་ཁས་ལེན་དང་འགལ་ནས་འཛམ་གླིང་ཧྲིལ་བོའི་གློག་ཀླད་ནང་གི་ཤེས་རིག་ཐོན་དབང་དང་ཚོང་ལས་གསང་བའི་བརྡ་འཕྲིན་ལ་བཙན་འཛུལ་བྱ་སྤྱོད་སྤེལ་བར་ཉེས་འཛུགས་བྱས་ཡོད། དོན་ལ་དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུ་བ་ནས་བཟུང་། པེ་ཅིན་ནས་ཤེས་རིག་ཐོན་དབང་སྲུང་སྐྱོབ་བྱེད་པའི་རྒྱལ་སྤྱིའི་ཆིངས་ཡིག་མང་བོར་ས་ཡིག་བརྒྱབ་ཡོད། དེ་ལྟ་ནའང་། འཛམ་གླིང་སྟེང་དུ་ཚོང་རྫས་རྫུན་མ་བརྒྱ་ཆའི་དྲུག་ཅུ་རེ་གསུམ་ཡོང་ཁུངས་རྒྱ་ནག་ཡིན་པས། འཛམ་གླིང་ས་ཕྱོགས་སོ་སོའི་ཁྲིམས་མཐུན་ཁེ་ལས་མང་བོར་ཨ་སྒོར་དུང་ཕྱུར་སྟོང་ཕྲག་མང་བོའི་གྱོང་གུད་ཐེབས་ཡོད།

པེ་ཅིན་ནས་དེང་སྐབས་རྒྱ་ནག་ནི་“ནར་སོན་ཟིན་པའི་དཔལ་འབྱོར་གྱི་ཚོགས་སྡེ་”ཞིག་ཡིན་པར་ཆ་འཇོག་བྱེད་ཀྱི་ཡོད་ནའང་། འཛམ་གླིང་ཚོང་ཚོགས་འདུ་བའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་འབྲེལ་བ་འཛིན་སྐབས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ད་དུང་ང་ཚོ་ནི་“འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་”ཅིག་ཡིན་ཞེས་བརྗོད་ཀྱིན་ཡོད། མ་གཞི་རྒྱ་ནག་ནི་ཆེས་མཐོའི་ཚན་རྩལ་ཐོན་རྫས་ནང་འདྲེན་བྱེད་མཁན་གྱི་རྒྱལ་ཁབ་དང་པོ་ཆགས་ཡོད་པར་མ་ཟད། རྒྱལ་ནང་གི་ཐོན་སྐྱེད་བསྡོམས་འབོར། རྒྱལ་སྲུང་འགྲོ་གྲོན། ཕྱི་རྒྱལ་ལ་མ་རྩ་འཇོག་པ་གང་ཐད་ནས་ཨ་རི་ལས་དམའ་བའི་ཨང་རིམ་གཉིས་པ་ཡིན།འོན་ཀྱང་། རྒྱ་ནག་གིས་རང་ཉིད་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཅིག་ཡིན་པར་བརྗོད་ཀྱིན་པའི་སྲིད་ཇུས་དང་བྱེད་ཐབས་ཀྱིས་འཛམ་གླིང་ཧྲིལ་བོའི་ནང་དུ་ཁྱབ་ཁོངས་མང་བོ་ཞིག་ཆ་ཁ་ཡ་སྡེབ་ཏུ་བཏང་ཡོད་པ་དང་། ཨ་རི་དང་རྒྱལ་ཁབ་གཞན་གྱི་ཁེ་ཕན་ལ་གནོད་སྐྱོན་བཟོས་ཡོད།

རྒྱུད་གཅིག་ལམ་གཅིག་ནི་པེ་ཅིན་གྱིས་བྱེད་ཐབས་སྣ་མང་ལ་འགྲེལ་བརྗོད་ཀྱི་སྤྱི་བསྡོམས་ཤིག་རེད། དེའི་ནང་གི་བྱེད་ཐབས་དག་ནི་རྒྱལ་སྤྱིའི་འགྲོ་སྲོལ་དང་ཚད་གཞི། འབྲེལ་དྲ་བཅས་བསྐྱར་བཞེངས་ཀྱི་ཆེད་དུ་ཡིན་པར་སྣང་བའི་ཁར། པེ་ཅིན་གྱི་འཛམ་གླིང་སྟེང་གི་ཁེ་ཕན་དང་འདུན་རིས་མཐོར་འདེགས་གཏོང་བར་བསྐུལ་འདེད་བྱེད་ཆེད་དང་། དེ་མཚུངས་སུ་རྒྱ་ནག་ནང་ཁུལ་གྱི་དཔལ་འབྱོར་དགོས་ཕན་ལ་ཞབས་འདེགས་ཞུ་ཆེད་ཀྱང་རེད། རྒྱུད་གཅིག་ལམ་གཅིག་དང་བྱེད་ཐབས་གཞན་དག་སྤྱད་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྒྱ་ནག་གི་བཟོ་ལས་ཚད་གཞི་དེ་བཞིན་གཙོ་གནད་ཅན་གྱི་ལག་རྩལ་བཀོལ་སྤྱོད་ཁྱབ་ཁོངས་སུ་རྒྱ་བསྐྱེད་བཏང་ཡོད་ལ། དེ་ནི་རྒྱ་ནག་གི་ཁེ་ལས་མ་ཡིན་པའི་ཁེ་ལས་ཁག་གི་ཁེ་ཕན་ལ་རྩིས་མེད་ཀྱིས་རྒྱ་ནག་གི་ཁེ་ལས་དག་གི་འཛམ་གླིང་ཚོང་རའི་གནས་བབ་སྲ་བརྟན་གཏོང་བཞིན་པ་ཞིག་རེད། པེ་ཅིན་གྱིས་རྒྱུད་གཅིག་ལམ་གཅིག་ཏུ་བསྙད་ཀྱིན་པའི་ལས་གཞི་ཁག་ནི་འགྲིམ་འགྲུལ། བརྡ་འཕྲིན་ལག་རྩལ། ཐོན་ཁུངས་ཀྱི་རྨང་གཞིའི་འཛུགས་བསྐྲུན། བཟོ་ལས་གླིང་ཁ། གསར་འགྱུར་བརྒྱུད་ལམ་མཉམ་འབྲེལ། ཚན་རྩལ་བགྲོ་གླེང་། རིག་གནས་དང་ཆོས་ལུགས་ལས་གཞི། ཐ་ན་དམག་དོན་དང་བདེ་འཇགས་མཉམ་ལས་བཅས་འདུ། པེ་ཅིན་གྱིས་ད་དུང་རང་ཉིད་ཀྱི་དམིགས་འཛུགས་ཁྲིམས་ཁང་ཁག་བརྒྱུད་ནས་རྒྱུད་གཅིག་ལམ་གཅིག་ལས་བྱུང་བའི་ཚོང་ལས་རྩོད་རྙོག་ཁག་ལ་བར་འདུམ་བྱེད་ཀྱི་ཡོད་ཅིང་། ཁྲིམས་ཁང་དེ་དག་གི་འགོ་ཁྲིད་དམར་ཤོག་ཚོགས་པའི་ཚོགས་མི་ཡིན། མ་གཞི་ཨ་རིས་རྒྱ་ནག་ལ་རྒྱལ་སྤྱིའི་ཆེས་བཟང་བའི་ལག་བསྟར་ཚད་གཞིའི་འོག་ཏུ་རྒྱུན་མཐུད་རང་བཞིན་དང་སྤུས་གཙང་རང་བཞིན་ལྡན་པའི་འཕེལ་རྒྱས་ལ་ལག་རྗེས་འཇོག་པར་དགའ་བསུ་བྱེད་ཀྱིན་ཡོད་མོད། འོན་ཀྱང་རྒྱུད་གཅིག་ལམ་གཅིག་རྣམ་གྲངས་དེ་བཞིན་ནམ་རྒྱུན་ཚད་གཞི་དེ་འདྲ་ཞིག་ལ་སླེབས་ཀྱི་མེད་པར་མ་ཟད། སྤུས་ཀ་ཞན་པ་དང་རུལ་སུངས། ཁོར་ཡུག་བཙོག་བསྒྱུར། ཐུན་མོང་གི་ལྟ་བསྐུལ་མེད་པའམ་མང་ཚོགས་མཉམ་ཞུགས་མེད་པ། དངུལ་གཡར་བར་ཁ་གསལ་མེད་པ། གན་རྒྱ་ལག་བསྟར་བརྒྱུད་དེ་ཕར་ཕྱོགས་སྣེ་ལེན་བྱེད་མཁན་རྒྱལ་ཁབ་ཀྱི་དོ་དམ་དང་ནོར་སྲིད་ལ་གནད་དོན་ལྷགས་ཚད་འཕར་བཞིན་པ་བཅས་ཀྱི་ཁྱད་ཆོས་ལྡན་པ་ཞིག་རེད།

པེ་ཅིན་གྱིས་དཔལ་འབྱོར་ལྕགས་དབྱུག་ཡང་ནས་ཡང་དུ་བཀོལ་ཏེ་རྒྱལ་ཁབ་གཞན་དག་ལ་ཆབ་སྲིད་བསྟུན་ཐབས་བྱེད་དུ་འཇུག་པའམ། སྙིང་ནད་རྩོད་ཀྱིན་ཡོད་པས། ཨ་རིས་པེ་ཅིན་གྱིས་མ་འོངས་པར་རྒྱུད་གཅིག་ལམ་གཅིག་རྣམ་གྲངས་ཀྱི་ཁ་ཕྱོགས་བསྒྱུར་ནས་དྲང་བདེན་མ་ཡིན་པའི་ཆབ་སྲིད་ཤུགས་རྐྱེན་དང་དམག་དོན་ཐེ་ཇུས་སུ་འགྱུར་ཐུབ་པར་རེ་ངན་བཅིངས་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། པེ་ཅིན་གྱིས་ཞེད་སྣང་བསྐུལ་བ་དང་དངུལ་དངོས་བསླུ་བྲིད་མཉམ་སྤྱོད་ཀྱིས་སྲིད་གཞུང་དང་ཤེས་ཡོན་པ། ཁེ་ལས། ཞིབ་འཇུག་ཁང་བཅས་ལ་གནོན་ཤུགས་སྤྲད་དེ་ནམ་རྒྱུན་ཕྱི་གསལ་ནང་གསལ་མེད་པའི་ལམ་ནས་དེ་དག་རྒྱ་ནག་དམར་ཤོག་ཚོགས་པའི་ལངས་ཕྱོགས་ལ་མཐུན་ཐབས་བྱེད་ཆེད་སྨྲ་བརྗོད་རང་དབང་ལ་ཞིབ་བཤེར་བྱེད་ཀྱིན་ཡོད། པེ་ཅིན་གྱིས་ཨོ་སི་ཁྲི་ལི་ཡ་དང་ཁ་ན་ཏ། ཀོ་རི་ཡ་ལྷོ་མ། ཉི་ཧོང་། ནོར་ཝེ། ཧྥུ་ལི་པེན་སོགས་རྒྱལ་ཁབ་མང་བོར་ཚོང་འབྲེལ་དང་ཡུལ་བསྐོར་སྤྲོ་འཆམ་ཚོད་འཛིན་བྱས་ཡོད་པར་མ་ཟད། ད་དུང་ཁ་ན་ཊའི་སྤྱི་དམངས་འཛིན་བཟུང་བཀག་ཉར་བྱས་ཏེ་རྒྱལ་ཁབ་འདི་དག་གི་ནང་སྲིད་དང་ཁྲིམས་སྲིད་འགྲོ་སྟངས་ལ་ཐེ་བྱུས་བྱེད་རྒྱུའི་རེ་ངན་བཅིངས་འདུག ཕྱི་ལོ་༢༠༡༦ ལོར་ཏཱ་ལའི་བླ་མས་སོག་པོ་རྒྱལ་ཁབ་ཀྱི་འཚམས་གཟིགས་གྲུབ་རྗེས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྒྱ་ནག་བརྒྱུད་ནས་སོག་པོར་ནང་འདྲེན་བྱེད་ཀྱིན་པའི་ཚོང་རྫས་ལ་སྒོ་ཁྲལ་གསར་བ་སྤར་ནས་སོག་པོ་རྒྱལ་ཁབ་ཀྱི་དཔལ་འབྱོར་གནས་སྐབས་རིང་ཉམས་རྒུད་ཀྱི་གནས་སུ་ལྷུང་དུ་བཅུག་པ་རེད།

པེ་ཅིན་གྱིས་འཛམ་གླིང་སྟེང་དུ་“ལྗང་མདོག་འཕེལ་རྒྱས་”ཟེར་བར་ངོས་ལེན་ཨེ་ཡོང་འབད་བརྩོན་བྱེད་ཀྱིན་ཡོད། དོན་ལ་རྒྱ་ནག་ནི་ལོ་ངོ་བཅུ་ཕྲག་ལྷག་རིང་འཛམ་གླིང་སྟེང་དུ་དྲོད་ཁང་རླངས་པ་ཕྱི་ལ་གཏོང་མཁན་ཆེ་ཤོས་དེ་ཆགས་ཡོད། པེ་ཅིན་གྱིས་མག་མོག་རང་བཞིན་ཅན་གྱི་ལག་བསྟར་བྱེད་ཐབས་བྲལ་བའི་དྲོད་རླངས་ཉུང་འཕྲིའི་ཁས་ལེན་ཞིག་བཏོན་ཏེ་རྒྱ་ནག་གི་དྲོད་རླངས་གཏོང་ཚད་མུ་མཐུད་དུ་ཕྱི་ལོ་༢༠༣༠ ལོའི་ཡས་མས་བར་དུ་འཕར་བཞིན་ཡོད། རྒྱ་ནག་གིས་དྲོད་རླངས་ཕྱི་ལ་གཏོང་བཞིན་པའི་འཕར་ཚད་འཛམ་གླིང་སྟེང་གི་རྒྱལ་ཁབ་གཞན་དག་གིས་དྲོད་རླངས་ཉུང་འཕྲིའི་བསྡོམས་འབོར་ལས་བརྒལ་ཡོད། རྒྱ་ནག་གི་ཁེ་ལས་ཁག་གིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཚོར་ཕྱི་བཙོང་བྱས་པའི་འབག་བཙོག་རང་བཞིན་ལྡན་པའི་རྡོ་སོལ་གློག་འདོན་བཟོ་གྲྭའང་བརྒྱ་ཕྲག་མང་བོ་འདུགཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་འཛམ་གླིང་སྟེང་དུ་རྒྱ་མཚོར་འགྱིག་ཤོག་གིས་འབག་བཙོག་བཟོ་མཁན་ཆེས་ཆེ་བའི་འབྱུང་ཁུངས་སུ་གྱུར་ཡོད་ཅིང་། ལོ་རེར་རྒྱ་མཚོའི་ནང་ཏུ་འགྱིག་ཤོག་རིགས་ཊོན་(ton) ས་ཡ་གསུམ་དང་འབུམ་ལྔ་འདོར་བཞིན་ཡོད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་འཛམ་གླིང་གི་མཚོ་མཐའི་རྒྱལ་ཁབ་ཁག་ནང་ཁྲིམས་འགལ་དང་སྙན་སེང་མ་ཞུས་པ། ཚོད་འཛིན་མེད་པར་ཉ་འཛིན་བྱ་སྤྱོད་སྤེལ་མཁན་ཨང་དང་པོ་ཡིན་པས། ས་གནས་ཁག་གི་དཔལ་འབྱོར་ལ་འཇིག་ཉེན་དང་རྒྱ་མཚོའི་ཁོར་ཡུག་ལ་གཏོར་སྐྱོན་བཟོས་ཡོད། རྒྱ་ནག་གི་དབུ་ཁྲིད་ཀྱིས་འཛམ་གླིང་ལ་གནོད་ཚབས་ཆེ་བའི་བྱ་སྤྱོད་འདི་དག་ལ་འགོག་སྡོམ་བྱེད་ཀྱི་མེད་པས། ཁོ་རང་ཚོས་ཁོར་ཡུག་དོ་དམ་འགན་ལེན་ཐད་ཀྱི་ཁས་ལེན་དང་རྦད་དེ་འགལ་ཡོད།

གཉིས། ང་ཚོའི་ཀུན་ཁྱབ་རིན་ཐང་གི་མདུན་དུ་ལྷག་པའི་འགྲན་སློང་།

རྒྱ་ནག་དམར་ཤོག་ཚོགས་པ་ནི་འཛམ་གླིང་སྟེང་དུ་ལྟ་གྲུབ་གཅིག་གཙིགས་སུ་འཛིན་མཁན་ཞིག་ཡིན་པས། ཨ་རི་བས་མི་རེ་ངོ་རེ་ལ་ཡོད་པའི་ཚེ་སྲོག་དང་རང་དབང་། བདེ་སྐྱིད་དོན་དུ་གཉེར་བའི་ཁེ་དབང་ནི་འཕྲོག་ཏུ་མེད་པ་ཞིག་ཡིན་པའི་གཞི་རྩའི་ལྟ་གྲུབ་ལ་འགྲན་སློང་བཞིན་པ་ཞིག་རེད། དེང་གི་དབུ་ཁྲིད་ཚོའི་མཛུབ་སྟོན་འོག་རྒྱ་ནག་དམར་ཤོག་ཚོགས་པས་དབང་བསྒྱུར་དོ་དམ་མ་ལག་གི་འཁོར་བསྐྱོད་“ནུབ་ཕྱོགས་འཕེལ་རྒྱས་ཅན་གྱི་རྒྱལ་ཁབ་”ཟེར་བ་དག་ལས་བཟང་རབ་རྒྱན་རབ་ཐད་འབད་བརྩོན་བྱེད་ཀྱིན་འདུག པེ་ཅིན་གྱིས་གསལ་བོར་ཤེས་པ་ནི་དེ་ལྟར་བྱེད་དོན་ནུབ་ཕྱོགས་རྒྱལ་ཁབ་ཚོར་འདུ་ཤེས་འཛིན་སྟངས་ཐད་འགྲན་རྩོད་བྱེད་ཀྱིན་པ་ཡིན། ཕྱི་ལོ་༢༠༡༣ ལོར། སྤྱི་ཁྱབ་དྲུང་ཆེ་ཞིས་ཅིན་ཕེན་གྱིས་རྒྱ་ནག་དམར་ཤོག་ཚོགས་པར་ལམ་ལུགས་མ་འདྲ་བ་གཉིས་ཀྱི་འགྲན་རྩོད་ཁྲོད་ཡུན་རིང་མཉམ་འབྲེལ་དང་འཁྲུག་རྩོད་ལ་གྲ་སྒྲིག་བྱེད་དགོས་པའི་འབོད་བསྐུལ་བྱས་ཡོད་པར་མ་ཟད། ད་དུང་ཚིག་ཐག་ཆོད་པོས་“མ་རྩ་རིང་ལུགས་ངེས་པར་དུ་ཕམ་ཞིང་།  སྤྱི་ཚོགས་རིང་ལུགས་ངེས་པར་དུ་རྒྱལ་ངེས་”ཞེས་བསྒྲགས་ཡོད།

སྤྱི་ཁྱབ་དྲུང་ཆེ་ཞིས་ཅིན་ཕེན་གྱིས་ཕྱི་ལོ་༢༠༡༧ ལོར་བསྟན་དོན། རྒྱ་ནག་དམར་ཤོག་ཚོགས་པའི་དམིགས་འབེན་ནི་“རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་”ལ་ཤུགས་སྣོན་བྱས་པ་བརྒྱུད་ནས་རྒྱ་ནག་དེ་བཞིན་རྒྱལ་ཁབ་ཀྱི་ཆ་སྙོམས་སྟོབས་ཤུགས་དང་རྒྱལ་སྤྱིའི་ཤུགས་རྐྱེན་ཐད་ནས་འཛམ་གླིང་ཧྲིལ་བོའི་འགོ་ཁྲིད་ཀྱི་གོ་བབ་སྟེང་སླེབས་དགོས། ལམ་ལུགས་འདི་བཞིན་པེ་ཅིན་གྱིས་མར་ཁེ་སི་ལའེ་ཉིན་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་རྨང་གཞིར་བཟུང་བའི་འགྲེལ་བརྗོད་ཅིག་རེད་ལ། མི་རིགས་རིང་ལུགས་ཀྱི་ཤོག་ཁག་གཅིག་གི་གཅིག་སྡུད་དབང་བསྒྱུར་དང་རྒྱལ་ཁབ་ཀྱིས་འགོ་ཁྲིད་ཀྱིན་པའི་དཔལ་འབྱོར། རྒྱལ་ཁབ་ཁོ་ནར་ཞབས་ཞུ་བྱེད་ཀྱིན་པའི་ཚན་རིག་ལག་རྩལ་འགྲེམས་འཇོག་དང་མི་སྒེར་གྱིས་དམར་ཤོག་ཚོགས་པའི་དབང་ཤུགས་དང་ལེན་བྱེད་རྒྱུ་བཅས་དམིགས་བྱར་བཟུང་བའི་གཅིག་འདུས་ཀྱི་འཆར་གཞི་ཞིག་རེད། འདི་ནི་ཨ་རི་དང་བློ་སེམས་མཐུན་པའི་རྒྱལ་ཁབ་མང་བོ་ཐུན་མོང་ལ་ཡོད་པའི་འཐུས་ཚབ་ལམ་ལུགས་སྲིད་གཞུང་དང་རང་དབང་ལྡན་པའི་ཁེ་ལས། མི་སྒེར་ལ་སྐྱེ་བ་ནས་ཡོད་པའི་བརྩི་མཐོང་དང་ཀུན་ཁྱབ་རིན་ཐང་བཅས་ལ་འགལ་ཡོད།

རྒྱལ་སྤྱིའི་སྟེང་དུ་རྒྱ་ནག་དམར་ཤོག་ཚོགས་པས་“འགྲོ་བ་མིའི་རིགས་ཀྱི་ཐུན་མོང་གི་ལས་དབང་གཅིག་གྱུར་བཞེངས་བསྐྲུན་གྱི་དར་ཆའི་འོག་ཏུ་སྤྱི་ཁྱབ་དྲུང་ཆེ་ཞིས་ཅིན་ཕེན་གྱིས་འཛམ་གླིང་ཧྲིལ་བོ་བདག་སྐྱོང་བྱེད་པའི་ལྟ་གྲུབ་ཁྱབ་བསྒྲགས་བྱེད་ཀྱིན་འདུག དེ་མཚུངས་སུ་པེ་ཅིན་གྱིས་བཙན་དབང་བཀོལ་ནས་རྒྱལ་ཁབ་ནང་ཁུལ་དུ་འདུ་ཤེས་འཛིན་སྟངས་གཅིག་གྱུར་ཡོང་བར་འབད་བརྩོན་བྱེད་ཀྱིན་པར་མ་ཟད།  ང་ཚོར་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་པའི་“ཐུན་མོང་གཅིག་གྱུར་”ཟེར་བ་ཉམས་སུ་ལེན་བཞིན་པའི་རྣམ་པར་བློ་བདེ་ཡོང་ཐབས་མི་འདུག () ལྐོག་ཟ་རུལ་སུངས་ལ་རྒོལ་བའི་ལས་འགུལ་བཀོལ་ནས་ཆབ་སྲིད་ཁ་གཏད་པ་རྩ་མེད་བཟོས་པ། ()ཟིན་བྲིས་འབྲི་མཁན་དང་ལས་འགུལ་བ། གཟུ་བ་སོགས་ལ་དྲང་བདེན་མ་ཡིན་པའི་ཉེས་འགེལ། () གྲངས་ཉུང་མི་རིགས་དང་ཆོས་དད་ཚན་ཆུང་ལ་གྲངས་ཀ་གཏན་འཁེལ་གྱིས་འཇུ་བཟུང་བྱེད་པ། ()འཕྲིན་གནས་དང་བརྒྱུད་ལམ། སློབ་ཆེན། ཁེ་ལས། གཞུང་འབྲེལ་མ་ཡིན་པའི་སྒྲིག་འཛུགས་ལ་དོ་དམ་དང་ཞིབ་བཤེར་ནན་མོ་བྱེད་པ།() སྤྱི་དམངས་དང་ཁེ་ལས། རྩ་འཛུགས་ལ་ལྟ་རྟོག་བྱས་ཏེ་སྤྱི་ཚོགས་ཡིད་བརྟན་སྐར་གྲངས་རྒྱག་པ། ()གང་འདོད་དུ་འཛིན་བཟུང་དང་གཅར་རྡུང་། མནར་གཅོད་བྱེད་ཡུལ་མཐའ་དག་ལྟ་གྲུབ་མི་མཐུན་མཁན་ཤ་སྟག་ཡིན།རྒྱ་ནག་ནང་དུ་དཔེར་མཚོན་ཡག་ཤོས་གཞན་ཞིག་ནི་ས་གནས་ཀྱི་དཔོན་རིགས་ཤིག་གིས་ཡོངས་གྲགས་སུ་དཔེ་མཛོད་ཁང་ཞིག་ཏུ་དཔེ་ཆ་མེ་ལ་བསྲེག་སྟེ། འདུ་ཤེས་འཛིན་སྟངས་ཀྱི་སྒང་ནས་“ཞིས་ཅིན་ཕེན་གྱི་དགོངས་པ་དང་གཅིག་གྱུར་ཡིན་པ་མངོན་ཐབས་བྱས་ཡོད།

སྲིད་དབང་དོ་དམ་བྱེད་སྟངས་ལས་གོད་ཆག་རང་བཞིན་ལྡན་པའི་མཇུག་འབྲས་གཅིག་ནི་པེ་ཅིན་གྱིས་ཤར་ཏིར་ཀི་སི་ཐན་(ཤིན་ཅང)ལ་འཛིན་པའི་སྲིད་ཇུས་རེད། ཕྱི་ལོ་༢༠༡༧ ལོ་ནས་བཟུང་། རྒྱ་ནག་དམར་ཤོག་གཞུང་གིས་ཡུ་གུར་བ་དང་གྲངས་ཉུང་མི་རིགས་གཞན་དག་འདུ་བའི་ཆོས་ལུགས་ཚོགས་སྡེ་ཡི་མི་སྣ་བཅས་ས་ཡ་གཅིག་ལྷག་སློབ་གསོ་བསྐྱར་གཏོང་གླིང་རའི་ནང་འཇུ་བཟུང་བྱས་ཡོད་ཅིང་།མི་མང་བོ་ཞིག་ལ་དེ་གར་བཙན་ཤེད་ཀྱིས་ངལ་རྩོལ་བྱེད་དུ་འཇུག་པ་དང་འདུ་ཤེས་འཛིན་སྟངས་གསར་བསྒྱུར་གྱིས་ལུས་སེམས་གཉིས་ཀར་མནར་གཅོད་གཏོང་བཞིན་ཡོད། གླིང་ར་འདི་དག་གི་ཕྱི་ལོགས་སུ་དམར་ཤོག་སྲིད་དབང་གིས་ཉེན་རྟོག་པའི་རྒྱལ་ཁམས་ཤིག་བཙུགས་ཏེ། རྒྱ་ནག་དམར་ཤོག་ཚོགས་པར་གུས་བརྩི་ལ་ཁག་ཐེག་ཡོང་སླད་མིས་བཟོས་ཤེས་ནུས་དང་སྐྱེ་དངོས་བརྒྱུད་རྒྱུ་སོགས་གསར་དར་ལག་རྩལ་བཀོལ་ཏེ་གྲངས་ཉུང་མི་རིགས་ཀྱི་བྱ་འགུལ་ལ་ལྟ་རྟོག་བྱེད་ཀྱིན་ཡོད། ད་དུང་ཡི་ཤུ་ཆོས་ལུགས་དང་བོད་བརྒྱུད་ནང་བསྟན། ཁ་ཆེ་ཆོས་ལུགས་དང་རྩ་རླུང་སྒོམ་སྒྲུབ་(ཧྥ་ལུང་ཀོང)བཅས་ཀྱི་མི་སྣའི་ཆོས་དད་ལ་རྡོག་རོལ་གཏོང་བཞིན་ཡོད་ལ། གཙོ་བོ་ཆོས་སྒྲུབ་བསྟི་གནས་ཁག་བཤིག་གཏོར་དང་བཙོག་བཟོ། ཞི་བའི་ཆོས་དད་པ་འཇུ་བཟུང་། བཙན་ཤེད་ཀྱིས་དད་པ་འདོར་དུ་འཇུག་པ། བུ་ཕྲུག་སྲོལ་རྒྱུན་ཆོས་དད་ལྟར་གསོ་སྐྱོང་བྱེད་དུ་མི་འཇུག་པ་བཅས་སོ།

རྒྱ་ནག་དམར་ཤོག་ཚོགས་པའི་འདུ་ཤེས་འཛིན་སྟངས་ལ་ངོས་ལེན་ཡོང་བའི་ལས་འགུལ་རྒྱ་ནག་གི་རྒྱལ་མཚམས་ལས་བརྒལ་ནས་སྤེལ་བཞིན་ཡོད། ལོ་ངོ་འདི་དག་རིང་། པེ་ཅིན་གྱིས་རྒྱུན་དུ་བདག་དབང་ཡོད་པའི་རྒྱལ་ཁབ་ཀྱི་ནང་སྲིད་ལ་ཐེ་གཏོགས་བྱེད་ཀྱིན་པར་མ་ཟད། སྲིད་ཇུས་དེ་བཞིན་ངོས་ལེན་ཡོང་བར་བརྩོན་ལེན་བྱེད་ཀྱིན་ཡོད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་ཤུགས་ལྡན་པའི་ལས་ཁུངས་ཁག་གིས་རྒྱ་ནག་དམར་ཤོག་ཚོགས་པའི་སྨྲ་བརྗོད་དང་བྱ་སྤྱོད་ཐད་ཀྱི་ཤུགས་རྐྱེན་འཛམ་གླིང་རྒྱལ་ཁབ་དག་གི་ནང་དུ་རྒྱ་བསྐྱེད་གཏོང་བཞིན་ཡོད་པས།  ཉེ་བའི་ཆར་ཨ་རི་དང་དབྱིན་ཇིའི་མཐུན་གཉེར་ཁང་དང་ལུས་རྩལ་ཚོགས་པ། ཨོ་སི་ཁྲི་ལི་ཡ་དང་ཡུ་རོབ་ཀྱི་སྲིད་དོན་པ་འདུ་བའི་དཔེ་མཚོན་བྱུང་ཡོད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འཛམ་གླིང་སྟེང་གི་རྒྱལ་ཁབ་ཁག་ནང་རྒྱ་ནག་དམར་ཤོག་ཚོགས་པའི་དབང་ཆ་གཅིག་སྡུད་ཀྱི་ཡོད་བྱད་ཁྱབ་བརྡལ་གཏོང་བར་མཉམ་ཞུགས་བྱས་ཏེ། དབང་ཆ་གཅིག་སྡུད་ཅན་གྱི་རྒྱལ་ཁབ་ཁག་གིས་སྤྱི་དམངས་དང་ཕྱོགས་འགལ་ཚོགས་པར་ལྟ་རྟོག་དང་ཚོད་འཛིན་བྱེད་པར་དམིགས་ཏེ་ཕྱི་རྒྱལ་དུ་མཛའ་འབྲེལ་ཡོད་པའི་རྒྱལ་ཁབ་ཚོར་དྲིལ་བསྒྲགས་དང་སྦྱོང་བརྡར་སྤྲོད་ཀྱིན་པར་མ་ཟད། དཔྱད་གཞིའི་རྒྱུ་ཆ་ཕོན་ཆེན་གསོག་སྒྲུབ་ཀྱིས་མང་ཚོགས་ཀྱི་སེམས་ཚོར་གྱི་བཟོ་དབྱིབས་བཞེངས་ཡོད།

རྒྱ་ནག་གི་ཏང་སྲིད་རྒྱལ་ཁབ་ཀྱིས་འཛམ་གླིང་སྟེང་གི་དྲིལ་བསྒྲགས་ཀྱི་མ་རྩ་ཆེས་ཕུན་སུམ་ཚོགས་པའི་ཡོ་བྱད་ལ་ཁ་ལོ་བསྒྱུར་བཞིན་ཡོད། པེ་ཅིན་གྱིས་རྒྱལ་གཉེར་བརྙན་འཕྲིན། པར་བསྐྲུན་དེབ་རིགས། རྒྱང་བསྒྲགས་དང་དྲ་རྒྱའི་རྩ་འཛུགས་བཀོལ་ནས་རང་ཉིད་ཀྱི་སྨྲ་བརྗོད་ཁྱབ་སྤེལ་གཏོང་བཞིན་པར་མ་ཟད། རྩ་འཛུགས་འདི་དག་གི་ཤུགས་རྐྱེན་ཨ་རི་དང་འཛམ་གླིང་གི་ས་ཕྱོགས་སོ་སོའི་ནང་དུ་ཆེ་རུ་འགྲོ་བཞིན་ཡོད། དེ་མཚུངས་སུ་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱུན་དུ་ཕྱི་རྒྱལ་གྱི་གསར་འགྱུར་བརྒྱུད་ལམ་མཐུན་གཉེར་ཁང་ཁག་ཏུ་མ་རྐང་ག་ཚད་འཇོག་གི་ཡོད་མེད་ཀྱང་གསང་བ་བྱེད་ཀྱི་ཡོད། ཕྱི་ལོ་༢༠༡༥ ལོར། རྒྱ་ནག་གི་རྒྱལ་སྤྱིའི་རྒྱང་བསྒྲགས་ཁང་གིས་མིང་བྱང་ཙམ་ལས་མེད་པའི་མཐུན་གཉེར་ཁང་ཞིག་བརྒྱུད་ནས་རྒྱལ་ཁབ་༡༤ ནང་གི་བརྙན་འཕྲིན་ལས་ཁུངས་༣༣ ལ་ཁ་ལོ་བསྒྱུར་བཞིན་པའི་གསང་བ་ཕྱི་ལ་ཐོན་ཡོད་ཅིང་། དེའང་གླ་མེད་ཀྱིས་མཚམས་སྦྱོར་ལས་ཁུངས་མང་བོ་བརྒྱུད་དེ་པེ་ཅིན་གྱི་ཕྱོགས་སུ་འགྲེངས་པའི་ནང་དོན་ལ་རོགས་དངུལ་སྤྲད་ཀྱི་ཡོད་པ་དེ་རེད།

རྒྱ་ནག་དམར་ཤོག་ཚོགས་པས་བརྒྱུད་ལམ་ཁག་ལས་གཞན་ད་དུང་ཨ་རི་དང་རང་དབང་སྒོ་འབྱེད་ཅན་གྱིདམངས་གཙོའི་རྒྱལ་ཁབ་དག་གི་ནང་དུ་མི་སྣར་ཁེ་བཟང་སྤྲད་ནས་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད། དཔེར་ན། རྒྱ་ནག་དམར་ཤོག་ཚོགས་པའི་འཐབ་ཕྱོགས་གཅིག་གྱུར་རྩ་འཛུགས་དང་འཐུས་ཚབ་མི་སྣས་ཨ་རི་དང་འཛམ་གླིང་གི་ས་ཕྱོགས་སོ་སོའི་ཁེ་ལས། སློབ་ཆེན། རིག་མཛོད། མཁས་པ། གསར་འགོད་པ། ས་གནས། མངའ་སྡེ་དང་མཉམ་འབྲེལ་དཔོན་རིགས་བཅས་དམིགས་འབེན་དུ་བཟུང་སྟེ། ཨ་རི་དང་འཛམ་གླིང་གི་ས་ཕྱོགས་སོ་སོའི་སྨྲ་བརྗོད་ལ་ཤུགས་རྐྱེན་སྤྲོད་པ་དང་རྒྱ་ནག་དམར་ཤོག་ནང་ཁུལ་ལ་ཕྱི་ཡོང་ཤུགས་རྐྱེན་འགོག་པའི་ངན་འཆར་བཅིངས་ཡོད་པ་རེད།

པེ་ཅིན་གྱིས་དུས་རྒྱུན་འཇམ་རྩུབ་གང་རུང་གི་ཐབས་ལམ་བཀོལ་ནས་རྒྱ་ནག་པ་དང་མི་སྣ་གཞན་དག་ལ་ཨ་རིའི་རྒྱལ་ཁབ་དང་དཔལ་འབྱོར་བདེ་འཇགས་ཐད་འཇིག་ཉེན་བསྟུད་མར་བཟོ་བར་ངན་བསྐུལ་བྱེད་ཀྱིན་ཡོད་པའི་ཁར། ཨ་རིའི་རིག་གཞུང་རང་དབང་དང་ཁེ་ལས་ཡིད་བརྟན་ལ་གཏོར་སྐྱོན་བཟོ་བའི་རྩུབ་སྤྱོད་སྤེལ་ཡོད། བྱ་སྤྱོད་འདི་དག་ནང་དུ་ལག་རྩལ་དང་ཤེས་རིག་ཐོན་དབང་བརྐུ་འཁྱེར། འོས་འཚམས་མ་ཡིན་པར་ཕྱི་རྒྱལ་གྱིས་རོགས་དངུལ་སྤྲོད་ཀྱིན་པའི་ཚོགས་སྡེ་ཁག་ཕྱི་བསྒྲགས། གན་རྒྱ་དང་གསང་རྒྱར་འགལ་བ། མཉམ་འབྲེལ་ཞིབ་འཇུག་མ་དངུལ་འདྲ་མཉམ་ངང་ལེགས་འདེམས་ཀྱི་འགྲོ་རིམ་ལ་ཚོད་འཛིན་བྱས་པ། པེ་ཅིན་གྱིས་རྒྱ་ནག་པ་དང་རྒྱ་ནག་གི་སློབ་མར་བཙན་ཤེད་དང་ཞེད་སྣང་བསྐུལ་ཏེ་པེ་ཅིན་གྱི་ཆབ་སྲིད་འགྲེལ་བརྗོད་དང་མི་མཐུན་པའི་དོན་རྐྱེན་དག་ལ་ངོ་རྒོལ་བྱེད་དུ་འཇུག་གིན་པར་མ་ཟད། ད་དུང་ཐབས་ལམ་གཞན་དག་ཀྱང་བཀོལ་ནས་ཨ་རིའི་སློབ་གསོའི་མ་ལག་གི་མཚོན་རྟགས་རང་བཞིན་ལྡན་པའི་རིག་གཞུང་རང་དབང་ལ་ཚད་འཛིན་བྱས་ཡོད།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གསར་འགྱུར་བརྒྱུད་ལམ། གསར་འགོད་པ། མཁས་པ། ཕྱི་འབྲེལ་དཔོན་རིགས་ཨ་རིའི་ནང་དུ་རང་དབང་གིས་འགྲོ་བསྐྱོད་བྱས་ཆོག་མོད། པེ་ཅིན་གྱིས་ཨ་རིའི་དེ་མཚུངས་ཀྱི་ལས་ཁུངས་དང་དཔོན་རིགས་ཚོར་འདྲ་མཉམ་གྱི་འགྲོ་འོངས་དང་བསམ་བློ་བརྗེ་རེས་བྱེད་དུ་འཇུག་གི་མེད།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྒྱུན་དུ་ཨ་རིའི་དཔོན་རིགས་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཏུ་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་གི་དཔོན་རིགས་གང་རུང་ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱ་ནག་མི་དམངས་ལ་ཨ་རིའི་རིག་གནས་མཉམ་སྤྱོད་ཆེད་རོགས་དངུལ་སྤྲད་དེ་རྒྱ་ནག་གི་སློབ་ཆེན་ཁག་ཏུ་བཙུགས་ཡོད་པའི་ཨ་རིའི་རིག་གཞུང་བསྟི་གནས་ཁང་དག་ཏུ་འཚམས་གཟིགས་ལ་བསྐྱོད་པར་ཆོག་མཆན་སྤྲད་ཀྱི་མེད། ད་དུང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་བྱ་བ་གཉེར་བཞིན་པའི་ཕྱི་རྒྱལ་གྱི་གསར་འགོད་པ་ཚོའང་དུས་རྒྱུན་སུན་བཙིར་དང་འཇིགས་སྣང་བསྐུལ་བཞིན་ཡོད།

གསུམ། བདེ་འཇགས་ཐད་ཀྱི་འགྲན་སློང་།

རྒྱ་ནག་གི་སྟོབས་ཤུགས་གོང་འཕེལ་བྱུང་བ་དང་བསྟུན་ཏེ། རྒྱ་ནག་དམར་ཤོག་ཚོགས་པས་ཁེ་ཕན་ལ་འཇིག་ཉེན་མེད་པ་བཟོ་ཇུས་འཆིང་ནས་འཛམ་གླིང་གི་ཁྱབ་ཁོངས་སུ་འཐབ་ཇུས་ཀྱི་དམིགས་འབེན་ཕྱོགས་སུ་བསྐྱོད་སྐབས། འཇིགས་བསྐུལ་དང་བཙན་ཤེད་བཀོལ་བའི་འདུན་པ་དང་ནུས་པའང་གོང་དུ་སྤེལ་བཞིན་འདུག  པེ་ཅིན་གྱི་བྱ་སྤྱོད་དེ་བཞིན་རྒྱ་ནག་གི་དབུ་ཁྲིད་ཚོས་ང་ཚོར་ནམ་རྒྱུན་འཇིགས་བསྐུལ་དང་དྲག་ཆས་བཀོལ་བ་དང་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་ཡོད་ཅིང་། ཞི་མོལ་བརྒྱུད་ནས་རྩོད་རྙོག་ཞི་འདུམ་ལ་འབད་བརྩོན་བྱེད་ཀྱི་ཡོད་ཅེས་བསྒྲགས་པའི་སྨྲ་བརྗོད་དང་རྦད་དེ་འགལ་ཡོད། པེ་ཅིན་ཁ་བཤད་དང་འགལ་ཏེ། ཁྱིམ་མཚེས་རྒྱལ་ཁབ་ཚོར་ཁས་ལེན་བྱས་པ་དག་ལ་སྣང་ཆུང་གིས་མཚོ་སེར་དང་ཤར་མཚོ། ལྷོ་མཚོ། ཐེ་ཝན་མཚོ་འགག རྒྱ་གར་དང་རྒྱ་ནག་གི་ས་མཚམས་བཅས་སུ་གསེག་འདྲི་བ་དང་བཙན་ཤེད་རང་བཞིན་གྱི་དམག་དོན་དང་ཕྱེད་དམག་དོན་གྱི་བྱ་འགུལ་སྤེལ་བཞིན་ཡོད།

ཕྱི་ལོ༢༠༡༩ལོའི་ཟླ༥ནང་། ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམག་དོན་དང་འབྲེལ་བའི་བདེ་འཇགས་གནས་སྟངསཀྱི་ལོ་འཁོར་སྙན་ཐོ་བཏོན་ཡོད།སྙན་ཐོའི་ནང་དུ་རྒྱ་ནག་གི་དམག་དོན་ལག་རྩལ་གྱི་ད་ལྟ་དང་མ་འོངས་པ། བདེ་འཇགས་དང་དམག་དོན་འཐབ་ཇུས་ཀྱི་འཕེལ་རྒྱས་གཏོང་ཕྱོགས་དང་ཀྲུང་གོ་མི་དམངས་བཅིངས་གྲོལ་དམག་གི་རྩ་འཛུགས་དང་གཡུལ་འཐབ་ལྟ་གྲུབ་ལ་དཔྱད་ཞིབ་བྱས་ཡོད། ཕྱི་ལོ༢༠༡༩ལོའི་ཟླ༧ནང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲུང་བློན་ཆེན་གྱིས་ཡོངས་གྲགས་སུ་ངོས་ལེན་བྱས་པ་ནི་རྒྱུད་གཅིག་ལམ་གཅིག་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཀྲུང་གོ་མི་དམངས་བཅིངས་གྲོལ་དམག་ཕྱི་རྒྱལ་དུ་རྒྱ་བསྐྱེད་པའི་རེ་བ་གཉིས་ལ་འབྲེལ་བ་ཡོད་པའི་ཁར། དེའི་ནང་དུ་ཞི་བདེ་རྒྱ་མཚོའི་གླིང་ཕྲན་དང་ཁཱར་བྷེན་མཚོ་གླིང་སོགས་ཀྱི་ས་ཁུལ་ཡང་ཚུད་ཡོད་འདུག

པེ་ཅིན་གྱི་དམག་དོན་འཛུགས་བསྐྲུན་གྱིས་ཨ་རི་དང་མནའ་འབྲེལ་རྒྱལ་ཁབ་ཚོའི་རྒྱལ་ཁབ་བདེ་འཇགས་ཁེ་ཕན་ལ་ཉེན་ཁ་བཟོ་བཞིན་ཡོད་ལ། འཛམ་གླིང་ཧྲིལ་བོའི་ཚོང་རྫས་མཁོ་སྤྲོད་སྦྲེལ་དྲ་ལ་རྙོག་འཛིང་ལྡན་པའི་འགྲན་སློང་གི་ངོ་བོར་གྲུབ་ཡོད། པེ་ཅིན་གྱི་དམག་དམངས་མཉམ་བསྲེས་འཐབ་ཇུས་འོག་ཏུ་བཅིངས་གྲོལ་དམག་ལ་ཚད་བཀག་མ་ཐེབས་པར་དམངས་ཁྲོད་ཁེ་ལས་ནང་འཛུལ་ཏེ་སྔོན་ཐོན་ལག་རྩལ་བསྔོག་འདོན་དང་བཀོལ་སྤྱོད་བྱེད་ཀྱིན་ཡོད་དེ། དེའི་ནང་དུ་སྒེར་གཉེར་ཁེ་ལས། སློབ་ཆེན་དང་ཞིབ་འཇུག་ལས་གཞི་བཅས་འདུ། ཁ་གསལ་མེད་པའི་དམག་དམངས་མཉམ་བསྲེས་ཀྱི་འཐབ་ཇུས་བརྒྱུད་པའི་འབྲེལ་གཏུག་ཁྲོད་ཨ་རི་དང་རྒྱལ་ཁབ་གཞན་གྱི་མཐུན་གཉེར་ཁང་དག་གིས་མ་ཚོར་མ་ཤེས་པའི་ལམ་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམག་དོན་ཞིབ་འཇུག་རྣམ་གྲངས་ལ་བཀོལ་སྤྱོད་གཉིས་ལྡན་གྱི་ལག་རྩལ་མཁོ་སྤྲོད་བྱས་ཡོད་པས། རྒྱ་ནག་དམར་ཤོག་ཚོགས་པས་རྒྱ་ནག་ནང་ཁུལ་གྱི་ཕྱོགས་འགལ་བ་ཚོར་གཉའ་གནོན་ལ་ཤུགས་བསྣོན་དང་ཨ་རི་འདུ་བའི་མནའ་འབྲེལ་རྒྱལ་ཁབ་དང་ཕྱི་རྒྱལ་ལ་འཇིགས་སྐྲག་བསྐྱེད་ཀྱི་ཡོད།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་འདྲ་མཉམ་མ་ཡིན་པའི་བྱེད་ཐབས་སྤྱད་དེ་འཛམ་གླིང་ཧྲིལ་བོའི་བརྡ་འཕྲིན་དང་ཡིག་འབྲེལ་ལག་རྩལ་ཐོན་སྐྱེད་ལ་ཁ་ལོ་བསྒྱུར་འདུན་འཆིང་ཡོད། “ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དྲ་རྒྱ་བདེ་འཇགས་ཁྲིམས་གཞིསོགས་མཐོང་ཆུང་རང་བཞིན་ལྡན་པའི་ཁྲིམས་སྲོལ་དག་གི་ནང་དུ་མཐུན་གཉེར་ཁང་གིས་ངེས་པར་དུ་རྒྱ་ནག་གི་གནས་འཕྲིན་རྒྱུ་ཆ་ས་གནས་ཅན་དུ་བསྒྱུར་བའི་བྱེད་ཐབས་ལ་བརྩི་བཀུར་བྱེད་དགོས་པ་གཏན་འཁེལ་ཡོད་པས། རྒྱ་ནག་དམར་ཤོག་ལ་ཕྱི་རྒྱལ་གྱི་གནས་འཕྲིན་རྒྱུ་ཆ་རེག་གི་ཡོད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་སྲོལ་གཞན་དག་གི་གཏན་འཁེལ་ནང་དུ་ཧྭ་ཝེ་དང་ཀྲུང་ཤིན་ལྟ་བུའི་མཐུན་གཉེར་ཁང་གིས་ངེས་པར་དུ་རྒྱལ་ཁབ་བདེ་འཇགས་ཞབས་ཞུའི་སྒྲིག་འཛུགས་ལ་མཉམ་འབྲེལ་བྱེད་དགོས་ཀྱི་ཡོད། མཐུན་གཉེར་ཁང་འདི་དག་གིས་ཕྱི་རྒྱལ་དུ་ཚོང་འབྲེལ་འཛུགས་སྐབས། རྒྱ་ནག་གི་མཁོ་སྤྲོད་ཚོང་བའི་ཡོ་ཆས་དང་ཞབས་ཞུས་ཕྱི་རྒྱལ་གྱི་ཁེ་ལས་ལ་བདེ་འཇགས་ཐད་གླགས་འཚོལ་ས་ལྷག་ཡོད།

པེ་ཅིན་གྱིས་ཨ་རིས་རྒྱང་འཕུད་བཀའ་རྒྱ་སྤྲད་ཡོད་པའི་རྒྱ་ནག་སྤྱི་དམངས་ཀྱི་འགྲུལ་བཞུད་ལག་འཁྱེར་འགོག་སྡོམ་གྱི་ཁས་ལེན་དུས་ལྟར་ལག་བསྟར་བྱེད་ཀྱི་མེད་པས། ཨ་རིའི་སྤྱི་ཚོགས་ལ་བདེ་འཇགས་ཀྱི་ཉེན་ཁ་བསྐྲུན་ཡོད། གཞན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་རང་རྒྱལ་དང་ཕྱོགས་གཉིས་ཀྱི་དོན་གཅོད་ཆིངས་ཡིག་ལ་རྒྱབ་འགལ་གྱིས་རྒྱ་ནག་ནང་དུ་ཨ་རིའི་སྤྱི་དམངས་ཀྱི་མདུན་དུ་ཉེན་ཁ་ལྷགས་ཀྱིན་པར་མ་ཟད། ཨ་རི་བ་མང་བོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གིས་བཙན་ཤེད་ཀྱིས་རྒྱང་འཕུད་དང་ཁྲིམས་འགལ་འཇུ་བཟུང་ཐེབས་ཏེ་གནོད་སྐྱོན་རེག་གིན་ཡོད།

བྱེད་ཕྱོགས།

རྒྱལ་ཁབ་བདེ་འཇགས་སྡེ་ཁག་གིས་ཨ་རི་ལ་རེ་བ་བཏོན་དོན།“འདས་པའི་ལོ་ངོ་༢༠ རིང་གི་སྲིད་ཇུས་ལ་བསྐྱར་ཞིབ་བྱེད་དགོས། སྔར་གྱི་སྲིད་ཇུས་ནི་ཁ་གཏད་འགྲན་རྩོད་པར་འབྲེལ་བ་བཟུང་ནས་ཁོ་ཚོ་རྒྱལ་སྤྱིའི་ཚོགས་སྡེ་དང་འཛམ་གླིང་གི་ཚོང་འབྲེལ་ཁྲོད་མཉམ་ཞུགས་བྱེད་དུ་བཅུག་སྟེ། བཟང་སྤྱོད་ཅན་དང་ཡིད་ཆེས་ཆོག་པའི་གྲོགས་པོར་འགྱུར་རེ་བཅིངས་ཡོད། མ་གཞི་གནས་ཚུལ་མང་བོ་ཞིག་གི་ཆ་ནས་ལྟ་སྐབས། སྔོན་འགྲོའི་ཆ་རྐྱེན་གྱི་རེ་བ་དེ་དག་ནི་ནོར་འཁྲུལ་ཞིག་ཡིན་པ་བདེན་དཔང་བྱས་ཡོད། དཔེར་ན། (པེ་ཅིན་གྱིས)དགྲ་འཛིན་བྱ་སྤྱོད་ཅན་གྱིས་དྲིལ་བསྒྲགས་དང་བྱེད་ཐབས་གཞན་དག་བཀོལ་ནས་དམངས་གཙོར་གཏོར་བརླག་བྱེད་ཀྱིན་པ་དང་། ཁོ་ཚོས་ད་དུང་ནུབ་ཕྱོགས་དགྲ་འཛིན་ལྟ་བ་འུད་སྒྲོག་བྱེད་ཀྱིན་པར་མ་ཟད། གནས་ཚུལ་རྫུན་མ་ཁྱབ་སྤེལ་བྱས་ཏེ་ང་ཚོ་རང་ཉིད་དང་ང་ཚོའི་མནའ་འབྲེལ་རྒྱལ་ཁབ།དཔུང་རོགས་ཕན་ཚུན་བར་དུ་འགལ་ཟླ་བཟོ་བཞིན་འདུག

རྩ་དོན་རང་བཞིན་ལྡན་པའི་དངོས་ཡོད་རིང་ལུགས་ཀྱི་མཛུབ་སྟོན་འོག་བསྐྱར་དུ་ལོག་སྟེ། ཨ་རིས་ང་ཚོ་རང་ཉིད་འཐབ་ཇུས་འགྲན་རྩོད་ཁྲོད་གནས་ཡོད་པར་ངོས་ལེན་བྱས་པ་བརྒྱུད་ནས་འོས་འཚམས་ཀྱིས་ང་ཚོའི་ཁེ་ཕན་སྲུང་སྐྱོབ་བཀོལ་ཏེ་རྒྱ་ནག་དམར་ཤོག་ཚོགས་པའི་འགྲན་སློང་ལ་ཁ་གཏད་གཅོག་གི་ཡིན། ཨ་རིའི་རྒྱ་ནག་གི་བྱེད་ཕྱོགས་རྩ་དོན་ནི་“རྒྱལ་ཁབ་བདེ་འཇགས་འཐབ་ཇུས་”དང་ང་ཚོས་ཧིན་རྡུ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་མདུན་ལྗོངས་ཁྲོད་ཀྱི་འགྲེལ་བརྗོད་ཁག་ཡིན། དེ་དག་ནི་བདག་དབང་། རང་དབང་། སྒོ་འབྱེད། ཁྲིམས་སྐྱོང་། འདྲ་མཉམ་དང་གཉིས་ཕན་བཅས་ཡིན། ཨ་རི་དང་རྒྱ་ནག་གི་འབྲེལ་ལམ་ནི་ཧིན་རྡུ་རྒྱ་མཚོ་དང་ཞི་བདེ་རྒྱ་མཚོའི་འཐབ་ཇུས་ཐག་གཅོད་བྱེད་ཁོ་ན་མིན་མོད། འོན་ཀྱང་འཐབ་ཇུས་འདི་དང་རྒྱལ་ཁབ་བདེ་འཇགས་འཐབ་ཇུས་ཀྱི་སྒྲོམ་གཞིའི་སྤྱི་ཁོག་ཡིན། དེ་བཞིན་དུ་ང་ཚོས་རང་དབང་ལྡན་ཞིང་སྒོ་མོ་འབྱེད་པའི་ཧིན་རྡུ་རྒྱ་མཚོ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་མདུན་ལྗོངས་བཞེངས་བསྐྲུན་ཁྲོད་རྒྱ་ནག་ལ་སྒོ་གཏན་མེད།

ཨ་རི་ལྟར་ན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་འཛམ་གླིང་གི་རྒྱལ་ཁབ་ཡོངས་ལ་གཅིག་གྱུར་གྱིས་བཀོལ་བཞིན་བཞིན་པའི་ཚད་གཞི་དང་རྩ་དོན་ལ་བརྩི་སྲུང་བྱེད་འོས། ང་ཚོར་ཡིད་ཆེས་ཡོད་པ་ནི་འདིའང་རྒྱ་ནག་མི་དམངས་ཀྱི་རེ་བ་སྟེ། རང་གི་སྲིད་གཞུང་དང་རྒྱལ་སྤྱིའི་སྤྱི་ཚོགས་ནས་རེག་འོས་པའི་ཐོབ་ཐང་རེད། རྒྱ་ནག་གི་འགོ་ཁྲིད་རིམ་པས་འཐབ་ཇུས་གདམ་ག་བྱས་ཡོད་པར་བརྟེན་ཏེ། ཨ་རིས་རྒྱ་ནག་དམར་ཤོག་ཚོགས་པའི་ནང་ཁུལ་ནས་རྒྱུན་དུ་ཨ་རྒྱའི་འབྲེལ་ལམ་ནི་རྒྱལ་ཁབ་ཆེན་པོའི་འགྲན་རྩོད་ཀྱི་འབྲེལ་བར་བརྗོད་ཀྱིན་པར་ངོས་ལེན་བྱས་པ་ཡིན།

ཨ་རིའི་སྲིད་ཇུས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་ཁུལ་དོ་དམ་བྱེད་སྟངས་ལ་འགྱུར་བ་གཏོང་རྒྱུ་སྔོན་འགྲོར་བཞག་མེད་ནའང་། རྒྱ་ནག་དམར་ཤོག་ཚོགས་པའི་རྒྱ་ཡན་རིང་ལུགས་དང་གྱོང་ཕོག་འགྲེལ་བརྗོད་ལ་བསྟུན་ཐུབ་མི་བྱེད།དེ་ལས་ལྡོག་སྟེ། ཨ་རིའི་སྲིད་ཇུས་ནི་རང་ཉིད་ཀྱི་ཁེ་ཕན་སྲུང་སྐྱོབ་བྱེད་ཆེད་ཡིན་ལ། ང་ཚོའི་ཚོགས་སྡེ་ཁག་གིས་རྒྱ་ནག་དམར་ཤོག་ཚོགས་པའི་གཏུམ་སྤྱོད་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་ཁུལ་དོ་དམ་བྱེད་ཕྱོགས་ལས་བསྐྱེད་པའི་གནོད་སྐྱོན་ལ་འགོག་རྒོལ་བྱེད་རྒྱུ་དེ་ཡིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མཐའ་མཇུག་རང་དབང་སྒོ་འབྱེད་ཀྱི་འགྲོ་སྲོལ་རྩ་དོན་དང་མཐུད་སྦྱོར་བྱེད་ཐུབ་མིན་ནི་རྒྱ་ནག་མི་དམངས་རང་ཉིད་ནས་ཐག་གཅོད་བྱེད་དགོས། ང་ཚོས་ཝ་ཤིན་ཊོན་མ་ཡིན་པར་པེ་ཅིན་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བྱ་སྤྱོད་ཐ་དག་ལ་འགན་ཡོད་པ་དང་འགན་དེ་བཞིན་ཁུར་ལེན་བྱེད་དགོས་པར་ངོས་འཛིན་བྱེད་ཀྱིན་ཡོད།

ཨ་རི་ལ་རྒྱ་ནག་དམར་ཤོག་ཚོགས་པས་ཁྲིམས་སྐྱོང་དང་ཁྲིམས་སྒྲིག དྲག་སྤྱོད་ལ་རྒོལ་བ་དང་གཉའ་གནོན། གྲོས་ཚོགས་ལམ་ལུགས་དང་གཅིག་སྡུད་ལམ་ལུགས། ཚོང་རའི་འགྲན་རྩོད་དང་རྒྱལ་ཁབ་ཀྱིས་འགོ་ཁྲིད་པའི་ཚོང་གཙོ་རིང་ལུགས་བཅས་ཕན་ཚུན་མཉམ་སྒྲིལ་རྫུན་བཟོ་བྱེད་ཀྱིན་པར་ངོ་རྒོལ་ཡོད། ཨ་རིས་མུ་མཐུད་དུ་པེ་ཅིན་གྱིས་སྒྲོ་སྐུར་དྲིལ་བསྒྲགས་བཀོལ་ནས་ཨ་རིའི་ཀུན་ཁྱབ་རིན་ཐང་དང་ཕུགས་བསམ་བཙོག་བསྒྱུར་བྱེད་ཀྱིན་པའི་སྨྲ་བརྗོད་ལ་འགྲན་སློང་བྱེད་ཀྱི་ཡིན།

དེ་བཞིན་དུ་ཨ་རིས་པེ་ཅིན་ལ་རང་དབང་དང་སྒོ་འབྱེད།  རྒྱལ་སྤྱིའི་འགྲོ་སྲོལ་ཉམས་དམས་གཏོང་བའི་བྱ་སྤྱོད་རྒྱ་ཡན་དུ་གཏོང་བའམ་སྤེལ་དུ་མི་འཇུག ང་ཚོས་མུ་མཐུད་དུ་རྒྱ་ནག་དམར་ཤོག་ཚོགས་པས་ཨ་རིའི་འཐབ་ཇུས་ཉམས་རྒུད་དང་རྒྱལ་སྤྱིའི་བདེ་འཇགས་ཁས་ལེན་ལ་གཡོལ་ཐབས་བྱེད་ཀྱིན་པའི་བཤད་སྟངས་ལ་བརྒལ་ལན་སྤྲད་ཀྱི་ཡིན། ཨ་རི་དང་ང་ཚོའི་སྟོབས་ཤུགས་ལྡན་པའི་མནའ་འབྲེལ་དང་བློ་སེམས་མཐུན་པའི་དཔུང་རོགས་ཚོར་དྲ་རྒྱའི་ཐད་ནས་མཉམ་འབྲེལ་བྱེད་ཀྱི་ཡིན་ཞིང་། ང་ཚོའི་རང་ཉིད་ཀྱི་སྒྲིག་འཛུགས་དོ་དམ་ཁྲོད་འཛམ་གླིང་གི་ས་ཕྱོགས་སོ་སོ་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་ང་ཚོའི་ཐུན་མོང་གི་སྒྲིག་སྲོལ་དང་ཀུན་ཁྱབ་རིན་ལ་གཏོར་རྒོལ་བྱེད་པར་འགོག་སྲུང་བྱེད་ཀྱི་ཡིན།

ཨ་རི་མི་དམངས་ཀྱིས་རྒྱ་ནག་གི་འཕེལ་རྒྱས་ལ་སེར་སྣ་མེད་པར་རོགས་བསྐྱོར་བྱས་པའི་མཛད་རྗེས་ཁག་ལོ་རྒྱུས་ནང་བརྙེད་ཐུབ་པ་ཞིག་ཡིན། དཔེར་ན། རྒྱ་ནག་མི་དམངས་ཀྱིས་བཅོས་བསྒྱུར་སྒོ་འབྱེད་ཀྱི་དུས་རབས་ནང་བླངས་པའི་གཟི་འོད་ལྡན་པའི་འཕེལ་རྒྱས་ལ་བསྙོན་ཐབས་མེད་པ་ལྟར་ཡིན། ཡིན་ནའང་། པེ་ཅིན་གྱི་སྲིད་ཇུས་དང་བྱ་བྱེད་ལྡོག་ཕྱོགས་སུ་འཕེལ་བཞིན་ཡོད་པས། རྒྱ་ནག་མི་དམངས་ཀྱི་ཤུལ་དངོས་དང་མ་འོངས་འཛམ་གླིང་གི་གནས་བབ་ལ་འཇིགས་ཉེན་བཟོ་བཞིན་འདུག

པེ་ཅིན་གྱིས་ཡང་དང་བསྐྱར་དུ་ཨ་རིའི་ལྷག་བསམ་ལ་མཐུན་ཐབས་མི་བྱེད་པའི་རྣམ་འགྱུར་སྟོན་བཞིན་པའི་ཁར། ཐོག་མ་ནས་ངོས་ལེན་ཡོད་པའི་ཨ་རིའི་རྒྱལ་ཁབ་ཁེ་ཕན་ལ་བརྩི་བཀུར་གྱི་ཚད་ཐིག་ལས་བརྒལ་བའི་བྱ་སྤྱོད་སྤེལ་བཞིན་ཡོད། དེའི་ཕྱིར་། ཨ་རིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བྱ་སྤྱོད་ལ་ཁ་གཏད་གཅོག་གི་ཡིན་ལ། འདི་ནི་ཁ་དམག་གི་གསལ་བསྒྲགས་ཤིག་མིན། དེ་མུར་ང་ཚོས་པེ་ཅིན་གྱི་ཞེ་འདོད་བསྐོང་གི་མིན་ཞིང་། གྲོས་མོལ་ལ་འོས་འཚམས་ཀྱི་ཆ་རྐྱེན་དང་རྣམ་པ་ཞིག་བསྐྲུན་གྱི་ཡིན།

དེ་མཚུངས་སུ་ཨ་རིས་པེ་ཅིན་དང་འབྲེལ་གཏུག་ལ་རིན་ཐང་སྤུ་ཙམ་མེད་པར་ངོས་འཛིན་བྱེད་ཀྱི་ཡོད།འབྲེལ་གཏུག་ནི་རྣམ་པ་ཙམ་དང་འགྲོ་སྟངས་ཙམ་རེད། ང་ཚོས་དོན་དང་ལྡན་པའི་མཇུག་འབྲས་ཤིག་དང་འཛུགས་བསྐྲུན་རང་བཞིན་ལྡན་པའི་མཇུག་འབྲས་ཤིག་དགོས་པར་རེ་བ་འདོན་གྱི་ཡོད། ང་ཚོས་དུས་ལྟར་ཚ་ཚ་འུར་འུར་གྱིས་མ་རྩ་བཏང་སྟེ་ཡིད་ཆེས་ཆོག་པའི་ཟིལ་ཤུགས་བཀོལ་ནས་པེ་ཅིན་གྱི་ཚོང་བསྒྱུར་བྱེད་ཐབས་ལ་ཁ་གཏད་གཅོག་པའམ་དེ་ལྟར་བྱེད་དགོས་པར་ངོས་འཛིན་བྱས་ཡོད། དེ་མ་གཏོགས་ཞི་བའི་ཕྱི་འབྲེལ་བྱ་ཐབས་ནི་དོན་འབྲས་མི་སོན་པར་གྱུར་ཟིན་པར་བདེན་དཔང་བྱས་ཟིན་པས། ཨ་རིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་སྤྱི་ཡོངས་ཀྱི་ཆ་ནས་གནོན་ཤུགས་སྤྲོད་ཀྱི་ཡིན་པར་མ་ཟད། ད་དུང་དགོས་ངེས་ཀྱི་སྐབས་སུ་ཕ་རོལ་བོའི་བྱ་སྤྱོད་དང་དོ་མཉམ་པའི་བྱ་སྤྱོད་བཀོལ་ཏེ་ཨ་རིའི་ཁེ་ཕན་སྲུང་སྐྱོབ་བྱེད་ཀྱི་ཡིན།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཁྱབ་ཁོངས་མང་བོའི་ནང་དུ་ཁས་བླངས་ཟིན་པ་དག་ལག་བསྟར་བྱས་མེད། དེའི་ནང་དུ་ཚོང་དོན་དང་མ་རྩ་འཇོག་པ། སྨྲ་བརྗོད་དང་དད་མོས་རང་དབང་། ཆབ་སྲིད་ཐེ་ཇུས། མཁའ་བསྐྱོད་དང་མཁའ་ཐོག་རང་དབང་། དྲ་རྒྱ་དང་གཞན་མྱུལ་མའི་བྱ་འགུལ་སྤེལ་ནས་བརྐུ་འཁྱེར། གོ་མཚོན་ཁྱབ་གདལ། ཁོར་ཡུག་སྲུང་སྐྱོབ་དང་འཛམ་གླིང་གི་བདེ་ཐང་བཅས་འདུ་བས། པེ་ཅིན་དང་གྲོས་ཆིངས་འཇོག་སྐབས་ངེས་པར་དུ་ཞིབ་ཕྲའི་བརྟག་ཞིབ་དང་ལག་བསྟར་ཚན་ཁག་ཚང་དགོས།

ང་ཚོས་རྒྱ་ནག་མི་དམངས་ལ་ཕྱི་གསལ་ནང་གསལ་གྱི་མཐོང་སྣང་བསྐྲུན་གྱི་ཡོད་ལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོས་ཀྱང་དེ་ལྟར་གནང་བར་རེ་བ་རྒྱག་གི་ཡོད། ཕྱི་འབྲེལ་གྱི་གནད་དོན་ཐད་ནས་ཨ་རིས་རྒྱ་ནག་དམར་ཤོག་ཚོགས་པར་གཞུང་དྲང་མེད་པ་དང་མག་མོག་རང་བཞིན་ལྡན་པའི་འཇིགས་ཉེན་ལ་འོས་འཚམས་ཀྱི་རྒོལ་ལན་སྤྲད་ཡོད་ལ། ད་དུང་ང་ཚོའི་མནའ་འབྲེལ་རྒྱལ་ཁབ་དང་དཔུང་རོགས་མཉམ་འབྲེལ་གྱིས་ཉེན་ཁ་ལ་ཁ་གཏད་གཅོག་གི་ཡོད། ཕྱི་གསལ་ནང་གསལ་གྱི་འབྲེལ་གཏུག་བརྒྱུད་ནས་རྒྱ་ནག་དེ་བཞིན་འཛམ་གླིང་ཞི་བདེ་ལ་ཕན་ཞིང་། བརྟན་བརླིང་དང་ཕུན་སུམ་ཚོགས་པའི་བྱེད་ཐབས་འོག་ཨ་རི་དང་འབྲེལ་ལམ་རྒྱ་བསྐྱེད་བྱས་ཏེ་ཐུན་མོང་གི་དམིགས་འབེན་ལེགས་འགྲུབ་བྱེད་པར་དགའ་བསུ་བྱེད་ཀྱི་ཡོད། ང་ཚོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཁེར་རྐྱང་དུ་འཕུད་འདུན་མེད་ཅིང་། ཨ་རིས་དུས་ལྟར་རྒྱ་ནག་གིས་ཕུལ་བྱུང་རང་བཞིན་ལྡན་པའི་ལེགས་རྗེས་འཇོག་པར་དགའ་བསུ་བྱེད་ཀྱི་ཡོད།

གོང་བཀོད་རྩ་དོན་གྱི་བསྟན་དོན་ལྟར།འགྲན་རྩོད་ནང་ངེས་པར་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་འབྲེལ་གཏུག་ཚུད་དགོས། ཡིན་ནའང་། ང་ཚོའི་བཤད་ཀྱིན་པའི་འབྲེལ་གཏུག་ནི་གདམ་གསེས་རང་བཞིན་ཅན་ཞིག་ཡིན་ལ། མཇུག་འབྲས་གཙོ་བོར་འཛིན་གྱི་ཡོད་པས། འབྲེལ་གཏུག་རེ་རེ་ཡིས་ང་ཚོའི་རྒྱལ་ཁབ་ཀྱི་ཁེ་ཕན་ལ་བསྐུལ་འདེད་གཏོང་ཐུབ་དགོས།ང་ཚོ་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བར་གྱི་འབྲེལ་གཏུག་ནི་གྲོས་མོལ་དང་ཁས་བླངས་ཟིན་པ་ལག་བསྟར་ཡོང་སླད་ཡིན་ཞིང་། འདྲ་མཉམ་དང་གཉིས་ཕན་ལ་ཁག་ཐེག་ཡོད་པའི་འོག་ཏུ་པེ་ཅིན་གྱི་དམིགས་ཡུལ་གསལ་འདོན་བྱས་ཏེ་གོ་ནོར་མ་ཐེབས་པ་བྱེད་པ་དང་། རྩོད་རྙོག་ཐག་གཅོད་བྱེད་པ་དང་རྩོད་རྙོག་ཆེ་རུ་མི་གཏོང་བ་བྱེད་དགོས། ཨ་རིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་བསམ་ཚུལ་བརྗེ་རེས་ཀྱི་བརྒྱུད་ལམ་སྒོ་མོ་ཕྱེས་ཡོད་ཅིང་། ཉེན་འཚབ་ཇེ་ཉུང་དུ་གཏོང་བ་དང་འཇིག་ཉེན་དོ་དམ་ལ་དམིགས་ཡོད། ང་ཚོའི་རེ་བར་རྒྱ་ནག་ཕྱོགས་ནས་ཀྱང་བརྒྱུད་ལམ་འདི་དག་གི་སྒོ་མོ་ཕྱེས་ཏེ་ཕྱིར་ལན་ཡོད་པ་བྱེད་འོས།

མངོན་འགྱུར་བྱེད་པ།

སྲིད་འཛིན་དགྲ་གནོན་ཁྲོ་ཕུར་གྱིས་འགྲེམས་སྤེལ་གནང་བའི་རྒྱལ་ཁབ་བདེ་འཇགས་སྲིད་ཇུས་” ལྟར་ན། ཆབ་སྲིད་དང་དཔལ་འབྱོར། བདེ་འཇགས་སྲིད་ཇུས་ཀྱི་དམིགས་འབེན་ནི་ཨ་རི་མི་དམངས་དང་ཁྱིམ་གཞིས་སྲུང་སྐྱོབ། ཨ་རིའི་འཕེལ་རྒྱས་ལ་བསྐུལ་འདེད་བྱས་ཏེ། སྟོབས་ཤུགས་ལ་བརྟེན་ནས་ཞི་བདེ་སྲུང་སྐྱོབ་ཀྱིས་རྒྱལ་ཁབ་ཕྱི་ལོགས་སུ་རང་དབང་སྒོ་འབྱེད་ཀྱི་མདུན་ལྗོངས་ཤིག་སྤེལ་འདེད་བྱེད་ཀྱི་ཡོད། ཐེངས་འདིའི་སྲིད་གཞུང་དབུ་བརྙེས་རྗེས་ཀྱི་ལོ་ངོ་སྔ་མ་གསུམ་གྱི་ནང་དུ་ཨ་རིས་རྒྱ་ནག་ལ་བཀོལ་བའི་འཐབ་ཇུས་འདི་ལག་བསྟར་དང་གལ་ཆེ་བའི་བྱེད་ཐབས་མང་བོ་སྤྱད་ཡོད།

༡ ཨ་རིའི་མི་དམངས་དང་ཁྱིམ་གཞིས། འཚོ་བ་སྐྱེལ་སྟངས་ཀྱི་བདེ་འཇགས་སྲུང་སྐྱོབ།

ཨ་རིའི་སྲིད་ཁྲིམས་ལྷན་ཁང་གི་རྒྱ་ནག་ཞིབ་བརྩད་ཚན་ཆུང་དང་མཉམ་འབྲེལ་བརྩད་གཅོད་སྡེ་ཁག་གིས་གནས་ཚུལ་ཕྱོགས་བསྡུས་ཀྱིས་དབྱེ་བཀར་དང་ཉེས་འཛུགས་ལས་གཞི་ཁག་འགྲོ་བཞིན་ཡོད། དེའི་ནང་དུ་ཚོང་ལས་གསང་བ་བརྐུ་འཁྱེར་དང་དྲ་ཇག་གི་བཙན་འཛུལ། དཔལ་འབྱོར་མྱུལ་ཞིབ་བྱ་འགུལ་བཅས་འདུ་བར་མ་ཟད། ཕྱི་རྒྱལ་གྱིས་ཨ་རིའི་རྨང་གཞིའི་འཛུགས་བསྐྲུན་ལ་བསམ་སྦྱོར་ངན་པ་བཅིངས་ནས་མ་རྩ་འཇོག་པ།  འཚོ་ཆས་འབྲེལ་དྲ་ལ་ཉེན་ཁ་དང་ཕྱི་རྒྱལ་གྱི་ཚབ་བྱེད་མི་སྣས་ཨ་རིའི་སྲིད་ཇུས་ལ་ཤུགས་རྐྱེན་སྤྲོད་འདུན་བཅས་ལ་འགོག་སྡོམ་བྱེད་ཤུགས་ཆེ་རུ་གཏོང་གི་ཡིན། དཔེར་ན། སྲིད་ཁྲིམས་ལྷན་ཁང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་གསར་འགྱུར་བརྒྱུད་ལམ་CGTN-Americaལ་བརྡ་སྦྱོར་སྤྲད་ནས་“ཕྱི་རྒྱལ་གྱི་ཚབ་བྱེད་མི་སྣའི་ཁྲིམས་སྲོལ་”ལྟར།  ཕྱི་རྒྱལ་གྱི་ཚབ་བྱེད་མི་སྣ་ཡིན་པ་ཐོ་འགོད་བྱེད་པའི་འོས་འགན་ཡོད་པ་ལྟར་ཐོ་འགོད་བྱེད་འཇུག་དགོས། ཁྲིམས་ཡིག་འདིའི་ནང་དུ་ཐོ་འགོད་པས་མཉམ་འབྲེལ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་ལ་བྱ་འགུལ་འགྲེལ་བརྗོད་དང་ཁོ་རང་ཚོས་འགྲེམས་སྤེལ་བྱས་པའི་ནང་དོན་འོས་འཚམས་ཤིག་ཐོ་འགོད་བྱེད་པའི་འོས་འགན་ཡོད། དེའི་རྗེས་སུ། CGTN-America ཕྱི་རྒྱལ་གྱི་ཚབ་བྱེད་མི་སྣའི་ཁྲིམས་སྲོལ་ལྟར་ཐོ་འགོད་བྱས་ཚར་བ་རེད།

ཨ་རི་སྲིད་གཞུང་གིས་རྒྱ་ནག་དམར་ཤོག་ཚོགས་པས་བཀོད་སྒྲིག་བྱས་ཡོད་པའི་ཕྱི་ཕྱོགས་དྲིལ་བསྒྲགས་ཆེན་མོར་ཁ་གཏད་གཅོག་གིན་ཡོད། བསམ་སྦྱོར་ངན་པའི་བྱ་སྤྱོད་དང་གསར་འགྱུར་རྫུན་མ་སྤེལ་བར་རྒོལ་ལན་དང་གནས་ཚུལ་ཕྱི་གསལ་ནང་གསལ་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན་ཡོད།ཕོ་བྲང་དཀར་བོ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་སྲུང་ལྷན་ཁང་། སྲིད་ཁྲིམས་ལྷན་ཁང་བཅས་ཀྱི་ཨ་རིའི་དཔོན་རིགས་ཚོས་འགོ་ཁྲིད་དེ་ཨ་རིའི་མི་དམངས་ལ་སློབ་གསོ་སྤེལ་གྱི་ཡོད། དཔེར་ན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཇི་ལྟར་ཨ་རིའི་རང་དབང་སྒོ་འབྱེད་ཀྱི་སྤྱི་ཚོགས་ལ་གཏོར་སྐྱོན་བཟོས་པ་བརྒྱུད་ནས་ཨ་རིའི་ཁེ་ཕན་དང་ཀུན་ཁྱབ་རིན་ཐང་ལ་འགལ་ཟླར་གྱུར་བའི་རྒྱ་ནག་དམར་ཤོག་ཚོགས་པའི་གྲོས་གཞི་ཁྱབ་སྤེལ་བྱེད་ཀྱིན་པ་ངོ་སྤྲོད་བྱས་ཡོད།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྲིད་ཇུས་ཤིག་གཏན་ལ་ཕབ་སྟེ་ལག་བསྟར་བྱེད་ཀྱིན་ཡོད་དེ། རྒྱ་ནག་གི་ཕྱི་འབྲེལ་དཔོན་རིགས་ཚོས་མངའ་སྡེ་སྲིད་གཞུང་ཁག་གི་དཔོན་རིགས་དང་རིག་གཞུང་བསྟི་གནས་ཁང་ཁག་ཏུ་མཇལ་མོལ་མ་བྱས་པའི་ཡར་སྔོན་ངེས་པར་དུ་ཨ་རི་སྲིད་གཞུང་ལ་སྙན་སེང་ཞུ་དགོས།

ཨ་རིའི་སྲིད་གཞུང་གིས་གོ་རྟོགས་ཇེ་མཐོར་བཏང་ནས་ཧུར་ཐག་གིས་པེ་ཅིན་གྱི་སྲོལ་རྒྱུན་མྱུལ་ཞིབ་དང་སྤྱི་ཚོགས་ལ་ཤུགས་རྐྱེན་སྤྲད་སྟངས་ལ་རྡུང་རྡེག་གཏོང་བཞིན་པར་མ་ཟད། ཚོགས་མིའམ། ཡང་ན་རྒྱ་ནག་སྤྱི་དམངས་དང་ཨ་རིའི་ཤེས་རིག་བསྟི་གནས་ཁང་ཁག་གི་ལས་བྱེད་སོགས་ལ་འཇིགས་བསྐུལ་བྱེད་པའི་བྱ་སྤྱོད་ལའང་རྡུང་རྡེག་བཏང་ཡོད།ང་ཚོས་སློབ་ཆེན་དག་དང་མཉམ་འབྲེལ་གྱིས་ཨ་རིའི་སློབ་གྲྭའི་ནང་དུ་རྒྱ་ནག་སློབ་ཕྲུག་གི་ཁེ་ཕན་ལ་སྲུང་སྐྱོབ་དང་བརྡ་འཕྲིན་མཁོ་སྤྲོད་བྱས་ཏེ་རྒྱ་ནག་དམར་ཤོག་ཚོགས་པའི་ཕྱི་ཕྱོགས་དྲིལ་བསྒྲགས་ཆེན་མོའི་གསར་འགྱུར་རྫུན་མ་སྤེལ་བཞིན་པར་ཐུན་མོང་གིས་འགོག་རྒོལ་དང་ཨ་རིའི་ཤེས་རིག་བགྲོ་གླེང་རང་དབང་ཁོར་ཡུག་དང་ཀུན་སྤྱོད་ཚད་གཞིར་ཐུན་མོང་གི་ངོས་འཛིན་ཁག་ཐེག་བྱེད་ཀྱི་ཡིན

རྒྱ་ནག་གི་སློབ་མ་ནི་དེང་སྐབས་ཨ་རིའི་ནང་ཆེས་མང་བོའི་ཕྱི་རྒྱལ་གྱི་སློབ་མའི་ཚོགས་སྡེ་ཞིག་ཡིན། ཨ་རིས་རྒྱ་ནག་གི་སློབ་མ་དང་ཞིབ་འཇུག་མི་སྣའི་ལག་རྗེས་ལ་གཙིགས་ཆེན་བྱེད་ཀྱིན་ཡོད།ཕྱི་ལོ་༢༠༡༩ ལོར། ཨ་རིའི་ནང་རྒྱ་ནག་སློབ་མ་དང་ཞིབ་འཇུག་མི་སྣའི་གྲངས་འབོར་ལོ་རྒྱུས་སྟེང་གི་ཆེས་མཐོ་བའི་ཆུ་ཚད་ལ་སླེབས་ཡོད། རྒྱ་ནག་གི་སློབ་མར་ཐོངས་མཆན་མི་སྤྲོད་པའི་གྲངས་འབོར་ཡང་རིམ་པས་ཇེ་ཉུང་དུ་འགྲོ་བཞིན་ཡོད།ཨ་རིས་རིག་གཞུང་ཡོངས་གྲགས་བགྲོ་གླེང་གི་རྩ་དོན་ལ་རྒྱབ་བསྐྱོར་ཏན་ཏིག་བྱེད་ཀྱིན་པར་མ་ཟད། རྒྱལ་སྤྱིའི་སློབ་མ་དང་ཞིབ་འཇུག་མི་སྣས་ཁྲིམས་མཐུན་རིག་གཞུང་འཚོལ་སྙེག་ལ་དགའ་བསུ་ཞུ་བཞིན་ཡོད།ང་ཚོས་འགྲོ་རིམ་ལ་ལེགས་བཅོས་བྱེད་ཀྱིན་པས། རྫུན་བཟོ་དང་བསམ་སྦྱོར་ངན་པ་བཅིངས་ནས་ཨ་རིར་ཡོང་བར་སྙན་ཞུ་ཕུལ་མཁན་ཉུང་ཤས་ཤིག་བསལ་འདེམས་བྱེད་ཀྱིན་པའི་སྒང་ཡིན།

ཨ་རིའི་ཞིབ་འཇུག་ལས་རིགས་སུ་ཕྱི་གསལ་ནང་གསལ་མཐོར་འདེགས་ཡོང་བ་དང་ཁེ་ཕན་གྱི་འགལ་ཟླ་འགོག་སླད།   ཨ་རིའི་རྒྱལ་གཉེར་འཕྲོད་བསྟེན་ཞིབ་འཇུག་གླིང་དང་ནུས་པའི་ཐོན་ཁུངས་ལྷན་ཁང་འདུ་བའི་མཉམ་འབྲེལ་སྲིད་གཞུང་གི་སྡེ་ཁག་ཁག་ནང་དུ་སྲོལ་ཡིག་དང་།  འགྲོ་རིམ་གཏན་འཁེལ་གསར་བསྒྱུར་དང་ལེགས་བཅོས་ཀྱིས་སྙན་ཐོའི་ཚད་གཞི་དང་བྱ་སྤྱོད་ཚད་གཞི་ལ་ཁག་ཐེག་སྲུང་བརྩི་ཡོང་བ་བྱས་ཡོད། རྒྱལ་ཁབ་ཁོར་ཡུག་ཚན་རིག་ཞིབ་འཇུག་དང་ལག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་འབྲེལ་ཡོད་ཚད་གཞི་གཏན་འཁེལ་བྱེད་ཀྱི་ཡོད་ཅིང་། མཉམ་འབྲེལ་སྲིད་གཞུང་གི་རོགས་དངུལ་རྣམ་གྲངས་དང་ཨ་རིའི་ཞིབ་འཇུག་སྡེ་ཁག་གི་ཆེས་ལེགས་པའི་ལག་བསྟར་བཅས་ལ་འབྲེལ་བ་ཆགས་ཡོད། རྒྱལ་སྲུང་ལྷན་ཁང་གིས་ཞིབ་འཇུག་བྱས་ཏེ་གསར་འཕར་མི་སྣ་རྒྱ་ནག་གི་མི་ཆིག་སྟོང་གི་འཆར་གཞི་དང་མི་བརྒྱའི་འཆར་གཞི་སོགས་ལ་འབྲེལ་བ་རྐང་གཅིག་མི་ཡོང་བ་བྱེད་ཀྱི་ཡོད། དེ་མཚུངས་སུ་ཕྱི་རྒྱལ་གྱི་ཞིབ་འཇུག་མི་སྣ་མཉམ་ཞུགས་གནང་བར་དགའ་བསུ་ཡོད།

ཕྱི་རྒྱལ་གྱི་སྦྱོར་ངན་བྱ་སྤྱོད་ཨ་རིའི་བརྡ་འཕྲིན་དྲ་རྒྱའི་ནང་འཛུལ་ཞུགས་ལ་སྔོན་འགོག་བྱེད་ཆེད་སྲིད་འཛིན་གྱིས་“གནས་ཚུལ་དང་བརྡ་འཕྲིན་ལག་རྩལ་སྲུང་སྐྱོབ་ཀྱིས་མཁོ་སྤྲོད་འབྲེལ་དྲའི་བདེ་འཇགས་ལ་ཞབས་ཞུའི་འཛིན་སྐྱོང་བཀའ་རྒྱ་”དང་“ཕྱི་རྒྱལ་ཨ་རིའི་གློག་འཕྲིན་ཞབས་ཞུའི་ལས་རིགས་ནང་ཞུགས་པར་ཞིབ་བཤེར་ལྷན་ཚོགས་འཛུགས་པའི་འཛིན་སྐྱོང་བཀའ་རྒྱ་”འདོན་སྤེལ་བྱས་ཡོད།འཛིན་སྐྱོང་བཀའ་རྒྱ་འདི་དག་ལག་བསྟར་བརྒྱུད་དེ་ཕྱི་རྒྱལ་དགྲར་འཛིན་སྟོབས་ཤུགས་ཀྱི་གསང་བ་དང་བདེ་འཇགས་སྡེ་ཁག་ལ་འབྲེལ་བ་ཡོད་པའམ། བཀོད་བྱུས་འོག་ཡོད་པའི་མཐུན་གཉེར་ཁང་གིས་གསང་བ་གལ་ཆེན་བརྐུ་འཁྱེར་ལ་སྔོན་འགོག་བྱེད་ཐུབ།དཔེར་ན། འདི་དག་ཨ་རིའི་སྲིད་གཞུང་དང་ཨ་རིའི་སྒེར་གཉེར་ཁེ་ལས། ཨ་རིའི་སྤྱི་དམངས་ཀྱི་ཚོར་རྣོན་བརྡ་འཕྲིན་ལ་ལས་སླ་བའི་ངང་འབྲེལ་བ་ཆགས་མི་ཐུབ་པར་སྔོན་འགོག་བྱས་ཡོད། ང་ཚོའི་བརྡ་འཕྲིན་ལ་འཛམ་གླིང་ནང་དུ་སྲུང་སྐྱོབ་བྱེད་པར་ཁག་ཐེག་ཡོང་སླད་དམག་དོན་དང་གསང་བའི་ཚོར་རྣོན་དཔྱད་ཡིག་ལ་སྲུང་སྐྱོབ་དང་། ང་ཚོའི་མནའ་འབྲེལ་རྒྱལ་ཁབ་དང་དཔུང་རོགས་ལ་འབྲེལ་གཏུགས་ཀྱིས་མཐའ་མང་གླེང་སྟེགས་བཙུགས་པ་བརྒྱུད་ནས་ཐུན་མོང་གི་བདེ་འཇགས་ལ་བཏང་ལྷོད་ལྡན་ཞིང་ཡིད་ཆེས་ཆོག་པའི་འབྲེལ་ལམ་བསྐྲུན་ཏེ། འཛམ་གླིང་ཡོངས་ཀྱི་བརྡ་འཕྲིན་དཔལ་འབྱོར་གྱི་འཕེལ་རྒྱས་ཆེད་རྨང་གདན་འདིང་གི་ཡིན། པེ་ཅིན་ལ་གནོན་ཤུགས་སྤྲད་དེ་འགན་འཁུར་ཡོད་པའི་རྒྱལ་ཁབ་ཅིག་གི་བྱ་སྤྱོད་སྲུང་མཁན་ཞིག་ཏུ་འགྱུར་ཆེད་ཨ་རིས་བློ་སེམས་མཐུན་པའི་མནའ་འབྲེལ་དཔུང་རོགས་ཚོར་མཉམ་འབྲེལ་གྱིས་བསམ་སྦྱོར་ངན་པའི་དྲ་རྒྱའི་བྱ་འགུལ་དག་ངོས་འཛིན་གྱིས་དམ་ལ་འདོགས་ཀྱི་ཡིན།

དེང་སྐབས་“དེང་རབས་ཕྱི་རྒྱལ་གྱི་མ་འཛུགས་ཉེན་ཁ་ཞིབ་བཤེར་གྱི་ཁྲིམས་གཞི་”ལག་བསྟར་བྱས་ཏེ། “ཨ་རིའི་ཕྱི་རྒྱལ་མ་འཇོག་ལྷན་ཚོགས”ཀྱི་ནུས་པར་ཤུགས་སྣོན་དང་གསར་བསྒྱུར་གྱིས་ཕྱི་རྒྱལ་གྱི་མ་རྩ་འཇོག་མཁན་ཚོས་མ་འཛུགས་སྒྲོམ་གཞི་གང་བྱུང་དུ་བཀོལ་ནས་ཨ་རིའི་བདེ་འཇགས་སེམས་ཁྲལ་ཉིན་རེར་འཕར་གྱི་འཇུག་གིན་པ་ཐག་གཅོད་བྱེད་ཀྱི་ཡིན་ལ། འདི་ནི་སྔར་“ཨ་རིའི་ཕྱི་རྒྱལ་མ་འཇོག་ལྷན་ཚོགས་”ཀྱི་ཁྱབ་ཁོངས་སུ་མེད། འདི་དག་ཁྲོད་རྒྱ་ནག་གི་ཁེ་ལས་ཀྱིས་མ་རྩ་ཉུང་ངུ་བཀོལ་ནས་ཨ་རིའི་ཚན་རྩལ་གསར་བསྒྱུར་ཁྱབ་ཁོངས་སུ་འཛུལ་ཞུགས་ཀྱིས་རྒྱ་ནག་གི་དམག་དོན་སྟོབས་ཤུགས་གོང་མཐོར་གཏོང་བཞིན་པར་འགོག་སྡོམ་ཚུད་ཡོད། ཨ་རིའི་ཕྱི་ཚོང་དོ་དམ་སྲོལ་ཡིག་གསར་བསྒྱུར་བྱས་ཡོད་དེ། ལྷག་པར་དུ་པེ་ཅིན་གྱིས་གཞུང་དམངས་མཉམ་འབྲེལ་འཐབ་ཇུས་བཀོལ་ནས་སྒྲ་ལས་ཆེས་མྱུར་(hypersonic )དང་ཚད་རྡུལ་རྩིས་འཁོར་(quantum computing)། མིས་བཟོས་ཤེས་ནུས་(artificial intelligence)། སྐྱེ་དངོས་ལག་རྩལ་དང་གསར་དར་ལག་རྩལ་གཞན་དག་ལེན་ཐབས་ལ་འབད་བརྩོན་བྱེད་ཀྱིན་པར་ཁ་གཏད་དེ། ང་ཚོས་མནའ་འབྲེལ་རྒྱལ་ཁབ་དང་དཔུང་རོགས་ཚོར་ཁོ་ཚོ་རང་ཉིད་ཀྱི་ཕྱི་རྒྱལ་མ་འཛུགས་ཞིབ་བཤེར་སྡེ་ཁག་བཙུགས་ཏེ་མཐའ་མང་སྲིད་དབང་དང་གླེང་སྟེགས་གཞན་དག་གསར་བསྒྱུར་གྱིས་ཕྱི་ཚོང་དོ་དམ་བྱེད་དུ་བཅུག་ཡོད། 

ཨ་རིའི་སྲིད་གཞུང་གིས་བྱ་ཐབས་དོན་འཁྱོངས་ཅན་སྤེལ་ནས་ཨ་རིའི་འཛད་སྤྱོད་པར་ཚོང་རྫས་རྫུན་མས་གནོད་སྐྱོན་མི་ཡོང་བ་བྱས་ཡོད།ཕྱི་ལོ་༢༠༡༧ ལོར་ནས་ཕྱི་ལོ་༢༠༡༨ ལོའི་བར། ཨ་རིའི་རྒྱལ་ཁོངས་བདེ་འཇགས་ལྷན་ཁང་ནས་རྒྱ་ནག་ནས་བཟོས་པའི་ཚོང་རྫས་རྫུན་མ་དབོར་འདྲེན་གྲུ་གཟིངས་ཁྲི་ཚོ་༥.༩ བརྩད་གཅོད་བྱེད་ཐུབ་ཡོད་ལ། མ་རྩ་ཨ་སྒོར་དུང་ཕྱུར་༢༡ བརྒལ་ཡོད།འདི་ནི་རྒྱལ་ཁབ་གཞན་དག་ནས་སླེབས་པའི་ཅ་དངོས་བརྩད་གཅོད་ཀྱི་སྤྱི་འབོར་དང་གོང་ཚད་ཀྱི་ལྡབ་༥ རེད།

ཚོང་རྫས་རྫུན་མའི་ཁྲོད་དུ་ལྭ་བ་དང་ལྷམ་གྱི་རིགས། ལག་ཁུག་དང་ཆུ་ཚོད་འཁོར་ལོ་སོགས་ལས་གཞན་ད་དུང་ཨ་རིའི་འགག་སྒོ་དང་མཐའ་མཚམས་སྲུང་སྐྱོབ་ཁང་ནས་ཨ་རིའི་ཁེ་ལས་དང་འཛད་སྤྱོད་པའི་བདེ་འཇགས་དང་གསང་བ་ལ་ཉེན་ཁ་བཟོ་སྲིད་པའི་རྒྱ་ནག་གི་མེ་མདའི་མ་ལག་དང་གློག་རྡུལ་ཐོན་དངོས་༥༣༠༠༠ ལྷག་ཁྲིམས་འགལ་གྱིས་་སྐྱེལ་ཐེངས་གསུམ་བྱུང་བ་འཇུ་བཟུང་བྱེད་ཐུབ་ཡོད། ཨ་རིའི་ཁྲིམས་ལུགས་ལག་བསྟར་སྡེ་ཁག་གིས་རྒྱ་ནག་ནས་ཐོན་པའི་སྨན་རྫུན་དང་སྐག་རྩི་སོགས་ལ་ཞིབ་བཤེར་བྱེད་ཀྱིན་པའི་ཁར།སྨན་རྫུན་དང་སྐག་རྩི་སོགས་ཀྱི་ནང་དུ་ལྷད་ཞུགས་འབག་བཙོག་དང་འབུ་ཕྲ། སྲོག་ཆགས་ཀྱི་གཅིན་ལུད་དམ་ཕྱི་ས་ཡོད་པ་བརྙེད་ཡོད་པས། འདི་དག་ནི་ཨ་རིའི་འཛད་སྤྱོད་པའི་ཉེན་ཁ་ཆགས་ཡོད།

ཨ་རིས་རྒྱ་ནག་དེང་གཞུང་ལ་མཉམ་འབྲེལ་གྱིས་སྲོག་ཉེན་ཡོད་པའི་དུག་རྫས་ཧྥིན་ཐེ་ཉི་ཁྲིམས་འགལ་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནས་ཨ་རི་ལ་དབོར་བཞིན་པར་འགོག་སྡོམ་བྱེད་ཀྱི་ཡོད། ཕྱི་ལོ་༢༠༡༨ ལོའི་ཟླ་༡༢ ནང་། གཙོ་འཛིན་ཞིས་ཅིན་ཕེན་གྱིས་སྲིད་འཛིན་དགྲ་གནོན་ཁྲོ་ཕུར་ལ་རྒྱ་ནག་གིས་རྣམ་པ་འདྲ་མིན་གྱི་དུག་རྫས་ཧྥིན་ཐེ་ཉི་འགོག་སྡོམ་བྱེད་ཀྱི་ཡིན་ཞེས་ཁས་ལེན་བྱས་ཡོད། དེའི་རྗེས་ཕྱི་ལོ་༢༠༡༩ ལོའི་ཟླ་༥ བ་ནས་བཟུང་རྒྱ་ནག་གི་ལྟ་རྟོག་ཁྲིམས་སྲོལ་ལྟར། ཨ་རི་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བར་གསང་གནས་མཉམ་སྤྱོད་ཀྱིས་ཕན་ཚུན་གཞོགས་འདེགས་བརྒྱུད་པའི་ཁྲིམས་ལྟར་ལས་འགུལ་གྱིས་རྒྱ་ནག་གི་དུག་རྫས་ཐོན་སྐྱེད་པ་དང་དུག་རྫས་བཙོང་མཁན་གཉིས་ཀྱི་བློ་ཁོག་ཞུམ་དུ་འཇུག་ཐུབ་ཡོད། ཨ་རིས་ད་དུང་རྒྱ་ནག་གི་སྦྲག་ཁང་ཁག་ལ་མཉམ་འབྲེལ་གྱིས་ཅ་དངོས་ཆུང་ཚེགས་རིགས་ལ་ཁྲིམས་ལྟར་ཞིབ་བཤེར་བྱེད་ཀྱིན་ཡོད།

༢ ཨ་རིའི་འཕེལ་རྒྱས་ལ་བསྐུལ་འདེད།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འདྲ་མཉམ་མ་ཡིན་པའི་བརྙས་བཅོས་རང་བཞིན་གྱི་ཚོང་ལས་བྱེད་ཕྱོགས་དང་བཟོ་ལས་སྲིད་ཇུས་ལ་ཁ་གཏད་དེ། ཨ་རིའི་སྲིད་གཞུང་གིས་ནུས་ཤུགས་ལྡན་པའི་བྱེད་ཐབས་སྤྱད་ནས་ཨ་རིའི་ཁེ་ལས་དང་ལས་བཟོ་བ། ཞིང་བར་སྲུང་སྐྱོབ་བྱེད་ཀྱིན་པར་མ་ཟད། པེ་ཅིན་གྱི་བྱེད་ཕྱོགས་ལ་མཚམས་འཇོག་བྱེད་དུ་བཅུག་ཡོད་ཅིང་། རྒྱུ་མཚན་ནི་བྱེད་ཕྱོགས་དེ་དག་གིས་ཨ་རིའི་བཟོ་བསྐྲུན་ལས་རིགས་སྟོང་ཉེན་ལ་ཐུག་འདུག ཨ་རིས་བསྐྱར་དུ་ཨ་རྒྱའི་ཚོང་ལས་འབྲེལ་ལམ་དོ་མཉམ་ཡོང་བར་འབད་བརྩོན་བྱེད་ཀྱིན་ཡོད། ང་ཚོའི་སྲིད་གཞུང་གི་བྱེད་ཕྱོགས་ཆ་ཚང་ནི་ཚོང་ལས་འདྲ་མཉམ་ལ་རྒྱབ་བསྐྱོར། ཨ་རིའི་འགྲན་རྩོད་ནུས་པ་ཡར་རྒྱས་གཏོང་བ། ཨ་རིའི་ཕྱི་ཚོང་ལ་བསྐུལ་འདེད་བྱེད་པ། ཨ་རིར་འཕྲད་ཀྱིན་པའི་འདྲ་མཉམ་མ་ཡིན་པའི་ཚོང་ལས་དང་མ་རྩ་འཇོག་པའི་འགོག་རྡོ་གཏོར་རྒྱུ་བཅས་ཡིན། ཕྱི་ལོ་༢༠༠༣ ལོ་ནས་བཟུང་། ཨ་རིས་དུས་བཅད་མཐོ་རིམ་དཔོན་རིགས་བར་གྱི་བགྲོ་གླེང་བརྒྱུད་ནས་པེ་ཅིན་གྱིས་དཔལ་འབྱོར་འཕེལ་རྒྱས་འཐབ་ཇུས་བརྩི་སྲུང་ཡོང་བར་རེ་བ་བརྒྱབ་ཀྱང་དོན་འབྲས་མ་སྨིན། རྒྱ་ནག་གིས་ཚོང་ར་ཆ་ཁ་ཡ་རྡིབ་ཏུ་བཏང་ནས་བཙན་ཤེད་ཀྱིས་ལག་རྩལ་དང་ཤེས་རིག་ཐོན་དབང་བརྒྱུད་སྤྲོད་བྱེད་དུ་འཇུག་ཀྱིན་པའི་བྱེད་ཕྱོགས་ཐད་ཨ་རིས་རྒྱ་ནག་གི་ཚོང་རྫས་ཨ་རིར་བཙོང་བཞིན་པར་སྒོ་ཁྲལ་སྤར་ཏེ་མ་གནས་ཇེ་མཐོར་བཏང་ཡོད། ཨ་རི་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དུ་ཚོང་དོན་ཆིངས་ཡིག་གཉིས་པ་འཇོག་རག་བར་དུ་སྒོ་ཁྲལ་འདི་དག་མུ་མཐུད་དུ་ལག་བསྟར་བྱེད་ཀྱི་ཡིན།

པེ་ཅིན་གྱིས་ཆ་ཁ་ཡ་རྡིབ་ཏུ་བཏང་བའི་ཚོང་རའི་གསབ་དངུལ་དང་བསྐྲུན་ནུས་ལྷག་མ་ནམ་རྒྱུན་མེད་པར་གཏོང་བ་ཕར་ཞོག་ཇེ་ཉུང་དུའང་མི་གཏོང་བར་ཁ་གཏད་དེ། ཨ་རིས་སྒོ་ཁྲལ་བླངས་ནས་རང་རྒྱལ་ལ་འཐབ་ཇུས་རིན་ཐང་ཆེན་པོ་ཡོད་པའི་རྣོ་ལྕགས་ལས་རིགས་དང་ཞ་ཉེ་ལས་རིགས་སྲུང་སྐྱོབ་བྱེད་ཀྱིན་ཡོད། ཨ་རིས་འཛམ་གླིང་ཚོང་ཚོགས་ནང་ཐག་གཅོད་བྱེད་དགོས་པའི་རྒྱ་ནག་གི་འདྲ་མཉམ་མ་ཡིན་པའི་ཚོང་དོན་རྩོད་གཞི་མང་བོ་ཞིག་ཞུ་གཏུགས་བྱས་ཏེ་རྒྱལ་ཁ་བླངས་ཡོད། མཐར་རྒྱ་ནག་གི་ཚོང་དོན་ལས་རིགས་མང་བོའི་ཁྲོད་ཀྱི་སྐྱེད་མེད་ཚོང་བསྒྱུར་དང་གསབ་དངུལ་ལ་རྡུང་རྡེག་གཏོང་སླད་ཨ་རིའི་ཚོང་དོན་ལྷན་ཁང་གིས་སྲིད་གཞུང་སྔ་མ་དག་ལས་ཁྱབ་ཤུགས་ཆེ་བའི་སྐྱེད་མེད་ཚོང་བསྒྱུར་གྱི་ཁྲལ་དང་གསབ་དངུལ་གྱི་ཁྲལ་བསྡུ་ལེན་ལག་བསྟར་བྱེད་ཀྱིན་ཡོད།

ཕྱི་ལོ་༢༠༢༠ ལོའི་ཟླ་༡ ནང་། ཨ་རི་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བར་ཚོང་དོན་གྲོས་མཐུན་རིམ་པ་དང་པོ་བཞག་སྟེ། རྒྱ་ནག་གི་དཔལ་འབྱོར་མ་ལག་ལ་སྒྲོམ་གཞི་རང་བཞིན་གྱི་བཅོས་བསྒྱུར་དང་ཕྱོགས་གཞན་དག་ནས་ཀྱང་བཅོས་བསྒྱུར་བྱེད་དགོས་པར་མ་ཟད། ཨ་རིས་ནམ་རྒྱུན་དོ་སྣང་བྱེད་ཀྱིན་པའི་རྣམ་གྲངས་ཁ་ཤས་ཐག་གཅོད་བྱེད་དགོས་པའི་དགོས་འདུན་བཏོན་ཡོད། གྲོས་མཐུན་འདིའི་ནང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཕྱི་རྒྱལ་གྱི་མཐུན་གཉེར་ཁང་ཁག་ལ་བཙན་ཤེད་བཀོལ་བའམ་ཅི་བྱ་བརྟོལ་མེད་དུ་བཏང་ནས་ལག་རྩལ་བརྒྱུད་སྤྲོད་བྱེད་དུ་འཇུག་པ་ནི་རྒྱ་ནག་ནང་ཚོང་ལས་གཉེར་བའི་སྔོན་འགྲོའི་ཆ་རྐྱེན་ཡིན་པར་འགོག་སྡོམ་བྱས་ཡོད་ལ། རྒྱ་ནག་དང་ཚོང་འབྲེལ་གྱི་སྔོན་འགྲོའི་ཆ་རྐྱེན་དུ་གལ་གནད་ཆེ་བའི་ཁྱབ་ཁོངས་མཐའ་དག་ཏུ་རྒྱ་ནག་གིས་ཤེས་རིག་ཐོན་དབང་སྲུང་སྐྱོབ་དང་ལག་བསྟར་ལ་ཤུགས་བསྣོན་དང་སྲིད་ཇུས་ཀྱི་འགོག་རྐྱེན་སེལ་ཏེ། ཨ་རིའི་ཞིང་བ་དང་དངུལ་རྩའི་ཞབས་ཞུའི་ལས་རིགས་ལ་རྒྱ་ནག་ནང་ཚོང་ར་གསར་འཛུགས་ཀྱི་གོ་སྐབས་བསྐྲུན་ཡོད། ད་དུང་ཡུན་རིང་བོར་འདྲ་མཉམ་མ་ཡོང་བར་བརྒྱུད་པའི་དངུལ་འཛའི་གནད་དོན་ཐག་གཅོད་བྱེད་དགོས། གྲོས་མཐུན་འདིའི་ནང་ད་དུང་ནུས་ཤུགས་ལྡན་པའི་རྩོད་གཞི་ཐག་གཅོད་བྱེད་མཁན་གྱི་སྒྲིག་འཛུགས་བཙུགས་ཡོད་པས། གྲོས་མཐུན་མགྱོགས་མྱུར་ངང་དོན་འབྲས་སོན་པའི་ལམ་ནས་ལག་བསྟར་བྱེད་པར་ཁག་ཐེག་ཏུ་གྱུར་ཡོད། ཚོང་ལས་བཀག་རྒྱའི་སྒྲོམ་གཞིར་འགྱུར་བ་བཏང་སྟེ་ལག་བསྟར་བྱེད་རྒྱུ་ངོས་ལེན་བྱས་པ་བརྒྱུད་ནས་གྲོས་མཐུན་རིམ་པ་དང་པོའི་ནང་དུ་ཨ་རིའི་རྒྱ་ནག་ལ་ཕྱི་ཚོང་རྒྱ་བསྐྱེད་བྱས་ཡོད། གྲོས་མཐུན་འདིའི་ཆ་ཤས་གཙོ་བོ་གཅིག་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་མ་འོངས་པའི་ལོ་གཉིས་ནང་ཚོང་རྫས་སྣ་ཁ་བཞི་སྟེ། བཟོ་བསྐྲུན་ཚོང་རྫས། ཞིང་བའི་ཐོན་རྫས། ནུས་རྫས། ཞབས་ཞུའི་ལས་རིགས་བཅས་ལས་ཨ་སྒོར་དུང་ཕྱུར ༢༠༠༠ལས་མ་ཉུང་བ་ནང་འདྲེན་བྱེད་རྒྱུ་ཁས་ལེན་བྱས་ཡོད། གྲོས་མཐུན་འདི་ནི་ཨ་རིའི་ལས་བཟོ་བ་དང་ཁེ་ལས་ལ་མཚོན་ན་དོ་མཉམ་པའི་ཚོང་འབྲེལ་ཞིག་དང་འདྲ་མཉམ་གྱི་འགྲན་རྩོད་ཁོར་ཡུག་ཅིག་ཡིན།

ཨ་རིའི་སྲིད་གཞུང་གིས་རྒྱལ་ནང་དུ་དཔལ་འབྱོར་ལ་ཤུགས་བསྣོན་གྱི་བྱེད་ཐབས་བཀོལ་བཞིན་པར་མ་ཟད། མ་འོངས་པར་ཁ་ཕྱོགས་པའི་དཔལ་འབྱོར་ལ་བསྐུལ་འདེད་བྱེད་ཀྱིན་ཡོད། དཔེར་ན། ཁྲལ་རིགས་བཅོས་བསྒྱུར་གྱིས་ལྷོད་ཡངས་ཅན་གྱི་དོ་དམ་འོག་ཏུ་g་༥ ལག་རྩལ་འཕེལ་རྒྱས་གཏོང་བ། སྲིད་འཛིན་གྱིས་སྤེལ་བའི་“ཨ་རིའི་མིས་བཟོས་ཤེས་ནུས་ཁྱབ་ཁོངས་ཀྱི་དབུ་ཁྲིད་གོ་བབ་རྒྱུན་སྐྱོང་གི་འཛིན་སྐྱོང་བཀའ་རྒྱ་ནི་ཨ་རི་སྲིད་གཞུང་གིས་སྤེལ་བ་ཞིག་ཡིན་པས། འདི་ནི་ཨ་རིས་མུ་མཐུད་དུ་ཆེས་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བཞིན་པའི་ལས་རིགས་ཁྲོད་དུ་གསར་བསྒྱུར་དང་ཚད་གཞི་གཏན་འབེབས་ཀྱི་གོ་བབ་བཟུང་ཡོད་པའི་དཔེར་མཚོན་ཞིག་ཡིན།

ཨ་རིས་བློ་སེམས་མཐུན་པའི་རྒྱལ་ཁབ་གཞན་དག་དང་མཉམ་དུ་བདག་དབང་། རང་དབང་གི་ཚོང་ར། མུ་མཐུད་འཕེལ་རྒྱས་ཀྱི་རྩ་དོན་རྨང་གཞིར་བཟུང་བའི་དཔལ་འབྱོར་མདུན་ལྗོངས་ལ་བསྐུལ་འདེད་བྱེད་ཀྱི་ཡིན། ཨ་རིས་ཡུ་རོབ་མནའ་འབྲེལ་དང་ཉི་ཧོང་མཉམ་དུ་ནུས་ཤུགས་ལྡན་པའི་ལམ་ནས་རྒྱལ་གཉེར་ཁེ་ལས་དང་བཟོ་ལས་ཀྱི་གསབ་དངུལ་དང་བཙན་ཤེད་ཀྱིས་ལག་རྩལ་བརྒྱུད་སྤྲོད་ཐད་རྩ་དོན་གཏན་འབེབས་བྱེད་ཀྱིན་ཡོད། ང་ཚོས་མུ་མཐུད་དུ་ང་ཚོའི་མནའ་འབྲེལ་དང་དཔུང་རོགས་ལ་མཉམ་འབྲེལ་གྱིས་བརྙས་བཅོས་རང་བཞིན་གྱི་བཟོ་ལས་ཚད་གཞི་དེ་བཞིན་འཛམ་གླིང་གི་ཚད་གཞིར་མི་འགྱུར་བར་ཁག་ཐེག་བྱས་ཡོད། འཛམ་གླིང་སྟེང་ཆེས་འཛད་སྤྱོད་ཀྱི་རིན་ཐང་ཡོད་པའི་ཚོང་ར་དང་ཆེས་ཆེ་བའི་ཕྱི་རྒྱལ་གྱི་མ་འཛུགས་ཡོང་ཁུངས། སའི་གོ་ལ་ཧྲིལ་བོའི་ལག་རྩལ་གསར་བསྒྱུར་གྱི་འབྱུང་གནས་སུ་གྱུར་བའི་ཨ་རི་དང་མནའ་འབྲེལ་དཔུང་རོགས་ཁག་གི་འབྲེལ་ལམ་རྒྱ་ཆེ་རུ་བཏང་སྟེ། ཐུན་མོང་གི་མདུན་དུ་ལྷགས་པའི་འགྲན་རྩོད་ལ་དབྱེ་ཞིབ་དང་དོན་འབྲས་སྨིན་པའི་ཁ་གཏད་གཅོག་ཐབས་ལ་མཉམ་རུབ་བྱེད་པ། མུ་མཐུད་ནས་ཞི་བདེ་དང་འཕེལ་རྒྱས་ལ་ཁག་ཐེག་ཡོང་བ་བྱེད་དགོས། ང་ཚོས་ཨ་རིའི་མཐུན་གཉེར་ཁང་ལ་མཉམ་འབྲེལ་གྱིས་འཕེལ་རྒྱས་མཐུད་གནས་ཡོང་བར་བསྐུལ་འདེད་དང་ལྷན་དུ་རྒྱལ་ནང་དང་ཕྱི་རྒྱལ་ནསའགྲན་རྩོད་ནུས་ཤུགས་ཆེ་རུ་གཏོང་གི་ཡིན། དཔེར་ན། ཨ་ཧྥུ་རི་ཁའི་འཕེལ་རྒྱས།    ཨ་རིའི་ཁུ་རི་སི་སྟེ་ལྷོ་ཨ་མི་རི་ཁ་དང་ཁར་བྷེན་མཚོའི་ས་ཁུལ་དང་ནུས་པའི་ཐོན་ཁུངས་བརྒྱུད་ནས་ཧིན་རྡུ་རྒྱ་མཚོ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་ས་ཁུལ་འཕེལ་རྒྱས་གཏོང་བར་བསྐུལ་འདེད་བྱེད་དགོས།

༣ སྟོབས་ཤུགས་ལ་བརྟེན་ནས་ཞི་བདེ་སྲུང་སྐྱོབ།

ཕྱི་ལོ ༢༠༡༨ལོར“རྒྱལ་སྲུང་འཐབ་ཇུས་ནང་དུ་རྒྱ་ནག་དང་ཡུན་རིང་འགྲན་རྩོད་ཀྱི་གནས་རིམ་མཐོ་རུ་བཏང་སྟེ། དེང་རབས་ཅན་དང་མཉམ་འབྲེལ་དཔུང་རོགས་བརྒྱུད་ནས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ལག་རྩལ་ཡར་རྒྱས་ལས་བསྐྱེད་པའི་སྟོབས་ཤུགས་འཕེལ་རྒྱས་དང་ཉིན་རྒྱུན་འཕེལ་བཞིན་པའི་རྒྱལ་སྤྱིར་ཕར་རྒོལ་རང་བཞིན་ལྡན་པར་ཁ་གཏད་གཅོག་རྒྱུ་ནན་བརྗོད་བྱས་ཡོད། “རྡུལ་ཕྲན་མཆོན་ཆའི་གནས་སྟངས་ཚོད་དཔག་སྙན་ཐོའི་ནང་གསལ་བ་ལྟར། ཨ་རིའི་སྲིད་གཞུང་གིས་མ་འོངས་པར་མཁའ་མཚོ་སྐམ་གསུམ་ནས་རྡུལ་ཕྲན་མཚོན་ཆ་དེང་རབས་ཅན་དུ་བསྒྱུར་རྒྱུ་སྔོན་སྒྲུབ་གདམ་ག་སྟེ། དེའི་ནང་དུ་པེ་ཅིན་གྱིས་སྲོག་གཅོད་ནུས་པ་ལྡན་པའི་མཚོན་ཆ་བཀོལ་སྤྱོད་དང་འཐབ་ཇུས་ཕར་རྒོལ་ནུས་པ་བཀག་འགོག་བཅས་འདུ། དེ་མཚུངས་སུ་རྒྱ་ནག་དེ་བཞིན་དེང་རབས་ཅན་གྱི་རྡུལ་ཕྲན་མཚོན་ཆ་མཛོད་ལ་གསོག་མཁན་ཞིག་དང་འཛམ་གླིང་སྟེང་ཆེས་ཆེ་བའི་སྒྱོགས་མདེལ་འཕུར་མདའི་འཕེན་ཚད་བར་མའི་མ་ལག་ཡོད་པའི་དུག་མཚོན་ཅན་གྱི་རྒྱལ་ཁབ་ཅིག་ཡིན་པས། ཨ་རིས་རྒྱ་ནག་གི་དབུ་ཁྲིད་གྲོས་མོལ་མདུན་ཅོག་སྟེང་འབོད་འགུགས་བྱེད་ཀྱིན་པར་མ་ཟད། གོ་མཚོན་ཚོད་འཛིན་དང་འཐབ་ཇུས་ཉེན་འཚབ་ཇེ་ཆུང་དུ་གཏོང་བར་བཤད་བསྡུར་བྱེད་ཀྱིན་ཡོད།ཨ་རིས་བལྟས་ན་པེ་ཅིན་ཕྱི་གསལ་ནང་གསལ་ཡོང་རྒྱུ་དང་དཔྱད་ནོར་སྔོན་འགོག

རྒྱལ་སྲུང་ལྷན་ཁང་གིས་མགྱོགས་མྱུར་ངང་སྒྲ་ལས་ཆེས་མྱུར་མ་ལག་འགྲེམས་འཇོག་གིས་དྲ་རྒྱའི་བདེ་འཇགས་དང་བར་སྣང་ནུས་པའི་མ་དངུལ་གཏོང་ཚད་མཐོ་རུ་བཏང་ཡོད། ད་དུང་ལྡེམ་ཤུགས་དང་བཀོལ་སྤྱོད་རིན་ཐང་ལྡན་ཞིང་མ་གནས་འོས་མཚམས་ཀྱི་སྲོག་གཅོད་རང་བཞིན་ལྡན་པའི་མཚོན་ཆ་བཟོ་བསྐྲུན་བྱེད་ཀྱི་ཡོད། ནུས་པ་འདི་དག་མཉམ་དུ་བསྡོམས་ཏེ་ཉིན་བཞིན་ཇེ་ཆེར་འགྲོ་བཞིན་པའི་པེ་ཅིན་གྱི་ཧམ་པ་དང་བཅིངས་འགྲོལ་དམག་གིས་ཚན་རྩལ་ལེགས་ཆའི་མཚུངས་ཟླ་ལ་སྙེག་གིན་པར་འགོག་སྡོམ་དང་ཁ་གཏད་གཅོག་གི་ཡིན།

ང་ཚོའི་འཛམ་གླིང་ཧྲིལ་བོའི་རང་དབང་ཕྱོགས་སྟོན་བྱ་འགུལ་ལས་གཞིའི་ཆ་ཤས་ཤིག་སྟེ། ཨ་རིས་པེ་ཅིན་གྱི་དབང་ཤེད་རིང་ལུགས་དང་སྐབས་འཕྲལ་ལྟ་སྟངས་ལ་ཁ་གཏད་གཅོག་གི་ཡོད། ཨ་རིའི་དམག་དཔུང་གིས་རྒྱལ་སྤྱིའི་ཁྲིམས་ལུགས་དང་མཐུན་པའི་ས་ཆ་སྟེ། རྒྱ་ནག་གི་ལྷོ་མཚོ་ཚུད་པའི་རྒྱ་མཚོའི་ནང་འགྲུལ་བཞུད་ཐོབ་ཐང་དང་ལག་བསྟར་དབང་ཆ་མུ་མཐུད་རྒྱུན་འཛིན་བྱེད་ཀྱི་ཡིན། ང་ཚོས་ས་ཁུལ་མནའ་འབྲེལ་དང་དཔུང་རོགས་ཚོའི་ཆེད་དུ་སྐད་ཆ་བཤད་ཀྱིན་པར་མ་ཟད། ད་དུང་ཁོ་རང་ཚོར་བདེ་འཇགས་ཐད་རོགས་བསྐྱོར་བྱས་ཏེ་ནུས་པ་བསྐྱེད་བསྲིངས་བྱས་ཡོད་པས། པེ་ཅིན་གྱིས་དམག་དོན་དང་དམག་དོན་ཕྱེད་ཅན་གྱི་བཙན་ཤེད་བཀོལ་ནས་རྩོད་རྙོག་ལས་རྒྱལ་འདུན་གྱི་རེ་ངན་ལ་ཁ་གཏད་གཅོག་ཐུབ་ཡོད། ཕྱི་ལོ་༢༠༡༨ ལོར་པེ་ཅིན་གྱིས་རྒྱ་ནག་ལྷོ་མཚོའི་ནང་གི་མིས་བཟོས་གླིང་ཕྲན་སྟེང་དུ་སྔོན་ཐོན་ཅན་གྱི་སྒྱོགས་མདེལ་མ་ལག་འགྲེམས་འཇོག་བྱས་པར་བརྟེན་ནས་ཨ་རིའི་དམག་ཕྱོགས་ནས་སྔར་ཀྲུང་གོ་བཅིངས་འགྲོལ་དམག་མི་ལོ་གཉིས་རེའི་ནང་ཞི་བདེ་རྒྱ་མཚོའི་ནང་ལུང་དམག་སྦྱོང་ལ་མགྲོན་འབོད་བྱེད་ཀྱིན་པ་རྩིས་མེད་བཏང་ཡོད།

མ་གཞི་ནུས་ཤུགས་ལྡན་པའི་མཉམ་འབྲེལ་དང་དཔུང་རོགས་འབྲེལ་ལམ་ནི་རྒྱལ་སྲུང་འཐབ་ཇུས་ཀྱི་རྨང་རྡོ་ཡིན། ཨ་རིས་མཉམ་ལས་དཔུང་རོགས་ནུས་པ་འཛུགས་གཉེར་གྱིས་གནས་ཚུལ་བརྗེ་རེས་གཏིང་ཟབ་ཏུ་བཏང་སྟེ། འཐབ་འཁྲུག་ནུས་པ་ལྡན་པའི་དཔུང་སྡེ་ཞིག་གི་དམག་སའི་གཡུལ་འགྱེད་སྟོབས་ཤུགས་གོང་སྤེལ་དང་། ད་དུང་མནའ་འབྲེལ་རྒྱལ་ཁབ་དང་དཔུང་རོགས་ལ་མཉམ་འབྲེལ་མཐིལ་ཕྱིན་པ་བྱས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཙན་འཛུལ་ལ་གདོང་ལེན་དང་བསྙོན་འབྱིན་བྱེད་ཀྱི་ཡིན། ཨ་རིའི་སྲིད་གཞུང་གི་རྒྱུན་གཏན་མཚོན་ཆ་བརྒྱུད་སྤྲོད་སྲིད་ཇུས་ཀྱི་དམིགས་འབེན་ནི་འཐབ་ཇུས་ཁ་འཐབ་ཀྱི་སྟེང་ནས་ཨ་རིའི་གོ་མཚོན་ཚོང་བསྒྱུར་དང་དཔུང་རོགས་ཀྱི་དམག་དོན་ནུས་པ་གསར་བསྒྱུར་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་རྒྱུ་ཆགས་ཡོད། ཕྱི་ལོ་༢༠༡༩ ལོའི་ཟླ་༦ ནང་། ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་“ཧིན་རྡུ་རྒྱ་མཚོ་དང་ཞི་བདེ་རྒྱ་མཚོའི་འཐབ་ཇུས་སྙན་ཐོ་ཐོག་མ་བཏོན་པའི་ནང་དུ་རྒྱལ་སྲུང་ལྷན་ཁང་གིས་འཐབ་ཇུས་ལག་བསྟར་བྱས་པའི་གནས་ཚུལ་དང་ང་ཚོས་ཧིན་རྡུ་རྒྱ་མཚོ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་ཡོངས་ལ་བཟུང་བའི་སྲིད་གཞུང་གི་འཐབ་ཇུས་འགྲེལ་བརྗོད་བྱས་ཡོད།

ཐེ་ཝན་འབྲེལ་ལམ་ཁྲིམས་གཞི་”དང་ཨ་རྒྱའི་བར་བྱུང་བའི་“ཨ་རྒྱའི་སྤྱི་བསྒྲགས་”གསུམ་གཞིར་བཟུང་སྟེ། “ཀྲུང་གོ་གཅིག་གི་སྲིད་ཇུས་འོག་ཏུ་ཨ་རིས་ཐེ་ཝན་དང་གཞུང་འབྲེལ་མ་ཡིན་པའི་འབྲེལ་ལམ་མུ་མཐུད་དུ་སྲ་བརྟན་བྱེད་རྒྱུ་ཡིན། ཨ་རི་ལྟར་ན་མཚོ་འགག་ཕན་ཚུན་བར་གྱི་འགལ་བ་གང་ཞིག་ཐག་གཅོད་བྱེད་སྐབས་ངེས་པར་དུ་ཞི་བདེ་དང་ཕྱོགས་གཉིས་ཀའི་མི་དམངས་ཀྱི་དགོས་འདུན་ལ་མཐུན་པ་ལས་དྲག་རྒོལ་བྱེད་པའམ་བཙན་བསྐུལ་གང་རུང་མི་ཆོག་པ་དེ་ཡིན། པེ་ཅིན་གྱིས་སྤྱི་བསྒྲགས་ནང་གི་ཁས་ལེན་དག་ལག་བསྟར་བྱེད་ཀྱི་མེད། དེ་ནི་དམག་དོན་རྒྱ་བསྐྱེད་ལས་མངོན་གྱི་ཡོད་པས། ཨ་རིར་བྱ་ཐབས་ཟད་ནས་ཐེ་ཝན་དམག་དཔུང་ལ་རང་སྲུང་ཁག་ཐེག་ཡོང་བར་མུ་མཐུད་གཞོགས་འདེགས་ཀྱིས་བཙན་འཛུལ་འགོག་རྒོལ་བྱེད་ཀྱི་ཡོད་ལ། ས་ཁུལ་འདིའི་ཞི་བདེ་དང་བརྟན་ལྷིང་ལའང་རོགས་ཕན་བྱེད་ཐུབ་ཡོད།ཕྱི་ལོ་༡༩༨༢ ལོའི་དྲན་ཐོ་ཞིག་གི་ནང་དུ་སྐབས་དེའི་སྲིད་འཛིན་རེ་རྒན་གྱིས་བློ་ཐག་རྦད་ཆོད་ཀྱིས་གསུངས་དོན།“ཐེ་ཝན་ལ་མཁོ་སྤྲོད་བྱེད་ཀྱིན་པའི་གོ་མཚོན་གྱི་གྲངས་འབོར་དང་སྤུས་ཀ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བསྐྲུན་པའི་ཉེན་ཁའི་ཆེ་ཆུང་ལ་ཐུག་ཡོད།”  ཕྱི་ལོ་༢༠༡༩ ལོར་ཨ་རིས་ཐེ་ཝན་ལ་ཨ་སྒོར་དུང་ཕྱུར་༡༠༠ རིན་གོང་གི་གོ་མཚོན་བཙོང་རྒྱུའི་ཆོག་མཆན་སྤྲད་ཡོད།

ཨ་རིས་ད་དུང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་འཛུགས་བསྐྲུན་རང་བཞིན་ལྡན་པ་དང་མཇུག་འབྲས་གཙོར་བཟུང་གི་འབྲེལ་ལམ་རྒྱུན་འཁྱོངས་བྱེད་ཀྱིན་ཡོད། ཨ་རི་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བར་དུ་རྒྱལ་སྲུང་འབྲེལ་གཏུག་དང་བསམ་བློ་བརྗེ་རེས་བྱེད་སྐབས། འཐབ་ཇུས་དམིགས་ཡུལ་བཤད་རེས་དང་འཇིག་ཉེན་དོ་དམ་དང་སྔོན་འགོག འགལ་རྙོག་ཛ་དྲག་ཏུ་འགྱུར་བཞིན་པའི་གོ་ནོར་དང་ཉེན་ཁ་ཇེ་ཉུང་དུ་བཏང་སྟེ། ཐུན་མོང་ལ་དོ་ཁུར་ཡོད་པའི་ཁྱབ་ཁོངས་སུ་མཉམ་འབྲེལ་བྱེད་ཆོག ཨ་རིའི་དམག་དཔུང་དང་བཅིངས་འགྲོལ་དམག་གི་འབྲེལ་གཏུག་ནི་ནུས་པ་ལྡན་པའི་ཕན་ཚུན་བར་ཉེན་ཁ་བཤད་སའི་བརྒྱུད་ལམ་ཞིག་སྟེ། མ་བསམ་སའི་འཐབ་འཛིང་དོན་རྐྱེན་ཇེ་ཉུང་དུ་གཏོང་བའི་ལམ་ཁའང་འདུ།

༤ ཨ་རིའི་ཤུགས་རྐྱེན་ཇེ་ཟབ་ཏུ་གཏོང་བ།

འདས་པའི་ལོ་ངོ་༧༠ རིང་དུ་རང་དབང་སྒོ་འབྱེད་ཀྱི་རྒྱལ་སྤྱིའི་འགྲོ་སྲོལ་འདིས་རྒྱལ་ཁབ་བདག་དབང་ཅན་ཚོར་ཕྱུག་འགྱུར་འཕེལ་རྒྱས་ཡོང་བར་བརྟན་ལྷིང་རང་བཞིན་ལྡན་པའི་ཁོར་ཡུག་ཅིག་མཁོ་སྤྲོད་བྱས་ཡོད་པར་མ་ཟད། གོ་ལ་ཧྲིལ་བོའི་དཔལ་འབྱོར་འཕེལ་ཚད་ལ་ལག་རྗེས་བཞག་ཡོད།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་འཕེལ་རྒྱས་ཅན་གྱི་རྒྱལ་ཁབ་ཆེན་པོ་ཞིག་དང་རྒྱལ་སྤྱིའི་འགྲོ་སྲོལ་འདིའི་ཁེ་བཟང་ཟ་མཁན་ཞིག་ཡིན་པས། འཛམ་གླིང་ཧྲིལ་བོའི་རྒྱལ་ཁབ་གཞན་དག་ལ་རང་དབང་དང་སྒོ་འབྱེད་ཁག་ཐེག་དང་རྒྱུན་འཁྱོངས་ཡོང་བར་རོགས་བསྐྱོར་བྱེད་འོས་པ་ཞིག་ཡིན། དེ་ལས་ལྡོག་སྟེ། པེ་ཅིན་གྱིས་དབང་ཆ་གཅིག་སྡུད་ཅན་གྱི་རྒྱལ་ཁབ་ཚོར་ངན་གཤིས་བསླབས་ནས་མི་སྒེར་ལ་ཞིབ་བཤེར། ལྐོག་ཟ་རུལ་སུངས། ཚོང་གཙོ་རིང་ལུགས་ཀྱི་དཔལ་འབྱོར། མི་རིགས་དང་ཆོས་ལུགས་སྣ་མང་ཅན་འགོག་སྡོམ་བྱས་ཡོད་པས། ཨ་རིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་སྣེ་ཁྲིད་དེ་ཧུར་ཐག་གིས་སྦྱོར་ངན་འདི་དག་ལ་འགོག་རྒོལ་དང་རྡུང་རྡེག་བྱེད་འོས་པ་ཞིག་ཆགས་ཡོད།

ཕྱི་ལོ་༢༠༡༨ ལོ་ནས་ཕྱི་ལོ་༢༠༡༩ ལོར་ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཆེ་ཡིས་ཆོས་ལུགས་རང་དབང་ལ་བསྐུལ་འདེད་ཀྱི་བློན་ཆེན་རིམ་པའི་ཚོགས་འདུ་སྔ་མ་གཉིས་བསྐོང་འཚོགས་བྱས་ཡོདབྱ་འགུལ་འདི་དག་དང་སྲིད་འཛིན་གྱིས་ཕྱི་ལོ་༢༠༡༩ ལོའི་ཟླ་༩ ནང་མཉམ་འབྲེལ་རྒྱལ་ཚོགས་ནས་བསྡུ་བསྐོང་གནང་བའི་འཛམ་གླིང་གི་དབུ་ཁྲིད་ལྷན་འཛོམས་སྟེང་དུ་སྔར་བྱུང་མ་མྱོང་བའི་འཛམ་གླིང་ཧྲིལ་བོར་ཆོས་དད་སྲུང་སྐྱོབ་ཀྱི་འབོད་བསྐུལ་གནང་ཞིང་། ཐུན་མོང་གིས་འཛམ་གླིང་གི་ས་ཕྱོགས་སོ་སོར་ཆོས་དད་ལ་རྡོག་རོལ་གཏོང་བཞིན་པར་ཐག་གཅོད་བྱེད་དགོས་པའི་བླང་བྱ་བཏོན། བློན་ཆེན་རིམ་པའི་ཚོགས་འདུ་གཉིས་ཀྱི་སྐབས་སུ་ཨ་རི་དང་དཔུང་རོགས་རྒྱལ་ཁབ་གཞན་དག་ལྷན་ཅིག་ཏུ་མཉམ་འབྲེལ་གསལ་བསྒྲགས་སྤེལ་ཏེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཡུ་གུར་མི་རིགས་དང་ཐུར་ཁེ་ཁ་ཆེ་བ། བོད་བརྒྱུད་ནང་བསྟན་རྗེས་འཇུག་པ། ཡུ་ཤུའི་ཆོས་ལུགས་རྗེས་འཇུག་པ། རྩ་རླུང་སྒོམ་སྒྲུབ(ཧྥ་ལུང་གོང)རྗེས་འཇུག་པའི་ཁེ་དབང་ལ་བརྩི་སྲུང་བྱེད་དགོས་པར་འབོད་བསྐུལ་བྱས་ཡོད་ལ། རྒྱ་ནག་ནང་མི་སྣ་འདི་དག་གི་མདུན་དུ་དྲག་གནོན་དང་རྡུང་རྡེག་ལྷགས་ཡོད། ཕྱི་ལོ་༢༠༢༠ ལོའི་ཟླ་༢ ནང་། ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་བློ་སེམས་མཐུན་པའི་དཔུང་རོགས་༢༥ ལྷན་དུ་ལོ་རྒྱུས་ཐོག་གི་རྒྱལ་སྤྱིའི་ཆོས་དད་རང་མོས་མཉམ་འབྲེལ་དང་པོ་བཙུགས་ཏེ། མི་སྒེར་རེ་རེ་ཡི་དད་མོས་རང་དབང་དང་དངངས་སྐྲག་ཡོད་མི་དགོས་པའི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་ཀྱི་ཡོད། ཕྱི་ལོ་༢༠༡༩ ལོའི་བློན་ཆེན་རིམ་པའི་ཚོགས་འདུའི་སྐབས་སུ་ཨ་རིའི་སྲིད་འཛིན་ལགས་ཀྱིས་རྒྱ་ནག་གི་ཕྱོགས་འགལ་མི་སྣ་དང་ཉེན་ཐར་མི་སྣ་ཚོར་མཇལ་འཕྲད་གནང་བར་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་འདུའི་སྐབས་སུའང་རྒྱ་ནག་གི་ཆོས་དད་གནོད་སྐྱོན་ཐེབས་མཁན་ཚོ་དང་ཚོགས་སྟེགས་གཅིག་ཏུ་བསྡད། ཨ་རིས་མུ་མཐུད་དུ་རྒྱ་ནག་ནང་ཁུལ་དུ་བྱ་བ་ལས་མཁན། ཡང་ན། རྒྱ་ནག་གི་གནད་དོན་སྟེང་དུ་བྱ་བ་ལས་མཁན་གྱི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་དང་དམངས་ཁྲོད་ཀྱི་སྒེར་ཚུགས་ཅན་གྱི་མི་སྣར་རྒྱབ་བསྐྱོར་རྒྱག་གི་ཡིན།

ཕྱི་ལོ་༢༠༡༩ ལོའི་ཟླ་༡༠ ནང་། ནེའུ་ཡོག་གི་མཉམ་འབྲེལ་རྒྱལ་ཚོགས་བསྟི་གནས་ཀྱི་ཐོག་ཁང་ནང་ཨ་རི་དང་བློ་སེམས་མཐུན་པའི་རྒྱལ་ཁབ་ཚོས་ལྷན་དུ་པེ་ཅིན་གྱིས་ཞིན་ཅང་དུ་མུ་མཐུད་ནས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་ཉེན་ཁ་བཟོ་བའི་དྲག་གནོན་སྲིད་ཇུས་ལག་བསྟར་བྱེད་ཀྱིན་པར་རྒོལ་གཏམ་སྤེལ། དེ་ནས་བཟུང་། ཨ་རི་སྲིད་གཞུང་གིས་ཞིན་ཅང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་གྱི་རྒྱ་ནག་སྲིད་གཞུང་གི་སྡེ་ཚན་ཁག་དང་ལྟ་རྟོག་བྱེད་མཁན་གྱི་ཚན་རྩལ་མཐུན་གཉེར་ཁང་ལ་ཚོང་རྫས་ཨ་རིར་བཙོང་རྒྱུ་འགོག་སྡོམ་བྱས་ཡོད་པར་མ་ཟད། པེ་ཅིན་གྱིས་ཁས་ལེན་བྱས་ཡོད་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལ་འགལ་མཁན་རྒྱ་ནག་དཔོན་རིགས་དང་ཁོ་ཚོའི་ནང་མི་ཨ་རིར་ཡོང་བའི་ཐོངས་མཆན་སྤྲོད་མཚམས་བཞག་ཟིན། དེ་དང་མཉམ་དུ་ཨ་རིས་ཞིན་ཅང་ནས་བཙན་བཀོལ་ངལ་རྩོལ་འོག་ཐོན་པའི་རྒྱ་ནག་གི་ཚོང་རྫས་ཉོ་ཚོང་བཀག་འགོག་བྱས་ཡོད།

ཨ་རིས་མ་འོངས་པར་མུ་མཐུད་ནས་བློ་སེམས་མཐུན་པའི་མནའ་འབྲེལ་རྒྱལ་ཁབ་དང་དཔུང་རོགས་ལ་མཉམ་འབྲེལ་གྱིས་རྩ་དོན་སྟེང་གི་ལངས་ཕྱོགས་བརྟན་འཛིན་བྱས་ཏེ། ང་ཚོའི་ལག་རྩལ་རྒྱ་ནག་གི་དམག་དོན་དང་ཚན་རྩལ་དབང་ཆ་གཅིག་སྡུད་ཅན་ལ་བཀོལ་སྤྱོད་བྱེད་པར་ངོ་རྒོལ་བྱེད་ཀྱི་ཡིན། གོ་རིམ་འདིའི་ཁྲོད་དུ་ང་ཚོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚན་རྩལ་མགྱོགས་མྱུར་ངང་གསར་བསྒྱུར་དང་དམག་དམངས་མཉམ་འབྲེལ་གྱི་འཕེལ་སྟངས། ཕྱི་རྒྱལ་གྱི་མཐུན་གཉེར་ཁང་ལ་བཙན་བཀའ་བཏང་ནས་རྒྱ་ནག་གི་བདེ་འཇགས་དང་གསང་བའི་ལས་ཁུངས་ལ་ཞབས་ཞུའི་ཐད་བཀོལ་མིན་བཅས་ལ་རྗེས་འདེད་ཞིབ་དཔྱད་ནན་པོ་བྱེད་རྒྱུ་ཡིན།

འབད་བརྩོན་འདི་དག་བྱེད་ཀྱིན་པའི་མཚོན་དོན་ནི་ཨ་རིས་འཛམ་གླིང་འཁྲུག་ཆེན་གཉིས་པ་མཇུག་གྲིལ་རྗེས་ནས་རྒྱལ་སྤྱིའི་རྨང་གཞིའི་མ་ལག་གི་རྩ་བའི་རིན་ཐང་འཛིན་སྟངས་དང་ཚད་གཞིའི་ཐད་ཀྱི་ཁས་ལེན་རྒྱུན་སྲུང་བྱེད་ཀྱིན་པ་ཡིན། མ་གཞི་ཨ་རིར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་སྲིད་ལ་ཐེ་གཏོགས་བྱེད་འདུན་མེད་ནའང་། པེ་ཅིན་གྱི་བྱ་སྤྱོད་དག་རྒྱལ་སྤྱིའི་ངོས་ལེན་དང་འགན་འཁུར་ལ་འགལ་བ་ལྟག་སྤྲོད་ཆགས་སྐབས། ལྷག་པར་དུ་ཨ་རིའི་ཁེ་ཕན་ལ་ཉེན་འཚབ་བཟོས་ཡོང་སྐབས། ཝ་ཤིན་ན་ནས་སྦ་གསང་མེད་པར་ཁ་རུ་ཁ་ཐུག་ལ་བཤད་ངེས་ཡིན།དཔེར་ན། ཨ་རིས་ཧོང་ཀོང་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་ཅིང་། དེ་རུ་ཧ་ལམ་ཨ་རིའི་སྤྱི་དམངས་༨༥༠༠༠ དང་ཨ་རིའི་ཁེ་ལས༡༣༠༠རྒྱུན་སྡོད་ཡིན། ཨ་རིའི་སྲིད་འཛིན། སྲིད་འཛིན་གཞོན་པ། རྒྱལ་སྲིད་དྲུང་ཆེ་བཅས་ནས་པེ་ཅིན་ལ་འབོད་བསྐུལ་ཐེངས་མང་གནང་དོན། ཕྱི་ལོ་༡༩༨༤ ལོར་སྤེལ་བའི་རྒྱ་དབྱིན་མཉམ་འབྲེལ་གསལ་བསྒྲགས་ལ་བརྩི་བཀུར་དང་ཧོང་ཀོང་གི་ཚད་མཐོའི་རང་སྐྱོང་དང་ཁྲིམས་སྐྱོང་། རང་དབང་གིས་མཚོན་པའི་ཧོང་ཀོང་མུ་མཐུད་ནས་རྒྱལ་སྤྱིའི་དངུལ་རྩའི་ལྟེ་གནས་ལ་སྲུང་སྐྱོབ་ཡོད་པ་བྱེད་དགོས།

ཨ་རིས་ཧིན་རྡུ་རྒྱ་མཚོ་དང་ཞི་བདེ་རྒྱ་མཚོའི་རྒྱལ་ཁབ་ཀྱི་རང་དབང་གི་ཁེ་ལས་དང་དམངས་གཙོ་འཛིན་སྐྱོང་གི་ནུས་པར་བསྐུལ་འདེད་དང་ཁྱབ་བརྡལ་གཏོང་བཞིན་ཡོད། ཕྱི་ལོ་༢༠༡༩ ལོའི་ཟླ་༡༡ ནང་། ཨ་རི་དང་ཉི་ཧོང་། ཨོ་སི་ཁྲི་ལི་ཡ་ཐུན་མོང་གིས་སྔོ་མདོག་འབྲེལ་དྲ་”(The Blue Dot Network)བཏོན་ཏེ། སྒེར་གཉེར་ཚོང་ལས་སྡེ་ཁག་གིས་འཛམ་གླིང་ཧྲིལ་བོའི་འཕེལ་རྒྱས་ཁ་ལོ་བསྒྱུར་ནས་མ་དངུལ་ཕྱི་གསལ་ནང་གསལ་དང་། རྒྱུ་སྤུས་ལྡན་པའི་རྨང་གཞིའི་འཛུགས་བསྐྲུན་ཡོང་སླད་ཧིན་རྡུ་རྒྱ་མཚོ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་ལ་ཨ་སྒོར་དུང་ཕྱུར་ཁྲི་༡ མ་རྩ་འཇོག་གི་ཡིན། དེ་མཚུངས་སུ་ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ང་ཚོས་ཧིན་རྡུ་རྒྱ་མཚོ་དང་ཞི་བདེ་རྒྱ་མཚོ་ས་ཁུལ་ཧྲིལ་བོར་ལག་བསྟར་བྱེད་རྒྱུའི་སྲིད་གཞུང་གིས་འཐབ་ཇུས་ཞིབ་ཕྲའི་སྙན་ཐོ་སྟེ། “རང་དབང་སྒོ་འབྱེད་ཀྱི་ཧིན་རྡུ་རྒྱ་མཚོ་དང་ཞི་བདེ་རྒྱ་མཚོ། ཐུན་མོང་གི་མདུན་ལྗོངས་བསྐུལ་འདེད་”བཏོན་ཡོད།

མཐའ་བསྡོམས། ཨ་རིའི་སྲིད་གཞུང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་བཟུང་བའི་རྣམ་འགྱུར་ལས་བསྟན་པ་ནི། ཨ་རིས་འཛམ་གླིང་སྟེང་མི་འབོར་ཆེས་མང་བོའི་རྒྱལ་ཁབ་དང་འཛམ་གླིང་གི་དཔལ་འབྱོར་ཨང་རིམ་གཉིས་པར་སླེབས་པའི་དབུ་ཁྲིད་ལ་ལྟ་སྟངས་གང་འདྲ་འཛིན་གྱི་ཡོད་པ་དང་ལས་ཀ་ཇི་ལྟར་བྱེད་དགོས་པར་གཉུག་མ་རང་བཞིན་གྱི་བསྐྱར་ཞིབ་བྱས་ཡོད། ཨ་རིས་ངེས་ཤེས་བརྙེད་པའང་ང་ཚོ་ལམ་ལུགས་གཉིས་ཀྱི་བར་དུ་ཡུན་རིང་དུ་འཐབ་ཇུས་འགྲན་རྩོད་ཡོད་པ་དེ་རེད། ཨ་རིའི་སྲིད་གཞུང་གིས་གཞུང་ཡོངས་ཀྱི་བྱེད་ཐབས་བརྒྱུད་ནས་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་རྩ་དོན་རང་བཞིན་ལྡན་པའི་དངོས་ཡོད་རིང་ལུགས་ལ་བསྐྱར་ལོག་གི་ལམ་སྟོན་འོག་ཏུ་མུ་མཐུད་དུ་ཨ་རིའི་ཁེ་ཕན་ལ་སྲུང་སྐྱོབ་དང་ཨ་རིའི་ཤུགས་རྐྱེན་ཇེ་ཟབ་ཏུ་གཏོང་གི་ཡིན། དེ་མཚུངས་སུ་ང་ཚོས་རྒྱ་ནག་དང་ཁེ་ཕན་གཅིག་གྱུར་ཡོད་སར་འཛུགས་བསྐྲུན་རང་བཞིན་ལྡན་པ་དང་མཇུག་འབྲས་གཙོར་བཟུང་གི་འབྲེལ་གཏུག་དང་མཉམ་འབྲེལ་བྱེད་ཆོགང་ཚོས་མུ་མཐུད་དུ་བརྩི་བཀུར་ཡོད་པ་དང་བློ་རིག་གསལ་བོའི་ལམ་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་ལ་འབྲེལ་གཏུག་བྱེད་ཀྱི་ཡིན་ལ། པེ་ཅིན་གྱིས་ཁས་ལེན་བྱས་པ་དག་ལག་བསྟར་བྱེད་པར་བསྐུལ་ནུས་ལྡན་པའི་དགོས་འདུན་འདོན་གྱི་ཡིན།

མ་ཕྱི་ཡོངས་ཁུངས།https://www.whitehouse.gov/wp-content/uploads/2020/05/U.S.-Strategic-Approach-to-The-Peoples-Republic-of-China-Report-5.20.20.pdf

ཟུར་ལྟའི་དཔྱད་ཡིག།https://www.whitehouse.gov/briefings-statements/text-letter-certain-congressional-committees-united-states-strategic-approach-peoples-republic-china/

རྒྱ་འགྱུར་པར་གཞི། https://translations.state.gov/2020/05/20/美国对中华人民共和国的战略方针/