ཨ་རིས་ཆད་པ་བཅད་པའི་དམག་སྤྱི་ཞིག་རྒྱ་ནག་གིས་རྒྱལ་སྲུང་བློན་ཆེན་དུ་བསྐོས།
ཟླ་འདིའི་ཚེས་༡༣ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིས་ཆད་པ་བཅད་པའི་དམག་སྤྱི་ཞིག་རྒྱ་ནག་གིས་རྒྱལ་སྲུང་བློན་ཆེན་དུ་བསྐོས་བཞག་བྱས་ཡོད་པའི་གནས་ཚུལ་ཐོན་འདུག
ཟླ་འདིའི་ཚེས་༥ ནས་ཉིན་གྲངས་བདུན་གྱི་རིང་རྒྱ་ནག་གི་སྐབས་༡༤ པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་ཐེངས་དང་པོ་དེ་འཚོགས་ཀྱིི་ཡོད་པ་དང་། ཟླ་འདིའི་ཚེས་༡༢ ཉིན་ཚོགས་འདུའི་ཐོག་ཏུ་དེ་སྔ་ཨ་རི་ཡིས་ཆད་པ་བཅད་པའི་དམག་སྤྱི་ཞིག་རྒྱ་ནག་གིས་རྒྱལ་སྲུང་བློན་ཆེན་དུ་བསྐོས་བཞག་བྱས་ཡོད་འདུག
དམག་སྤྱི་དེའི་མིང་ལ་ལི་ཧྲང་ཧྥུ་(Li Shangfu) ཟེེར་ཞིང་ཁོང་ནི་རྒྱ་ནག་གི་སྲུང་སྐར་ལས་འཆར་གྱི་འཆར་འགོད་པ་དང་རྒྱ་ནག་གི་དམག་དོན་དེང་རབས་ཅན་དུ་བསྒྱུར་རྒྱུའི་ཐོག་ཕྱག་ལས་གནང་མཁན་ཞིག་ཆགས་ཡོད་འདུག ཕྱི་ལོ་༢༠༡༨ ལོར་ཁོང་ཉིད་རྒྱ་ནག་གི་གོ་མཚོན་གསར་སྤེལ་ཚན་པའི་འགན་འཛིན་ཡིན་པའི་སྐབས་སུ་ཨུ་རུ་སུའི་རྩ་ནས་མེ་ཤུགས་འཕུར་མདའ་དང་གནམ་གྲུའི་རིགས་དུ་མ་ཞིག་མངགས་ཉོ་བྱས་ཡོད་པར་བརྟེན། ཨ་རི་གཞུང་གིས་ཁོང་ལ་ཆད་པ་བཅད་ཡོད་འདུག
ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་བ་ཞན་དུ་འགྲོ་བཞིན་པའི་སྐབས་སུ་ཁོང་ཉིད་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་དུ་བསྐོས་བཞག་བྱས་ཡོད་པ་དང་། རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༤༩ སྔོན་རྒྱ་ནག་ནི་འཛམ་གླིང་རིམ་པའི་དམག་དོན་རྒྱལ་ཁབ་ཅིག་ཏུ་འགྱུར་རྒྱུ་ལ་འབད་བརྩོན་བྱེད་བཞིན་ཡོད་པར་བརྟེན། རྒྱལ་སྲུང་བློན་ཆེན་གསར་པས་གནད་དོན་དེའི་ཐོག་ལ་ནུས་པ་ཆེན་མོ་འདོན་ཐུབ་སྲིད་པའི་གནས་ཚུལ་སྤེལ་འདུག
ཐེངས་འདི་རྒྱ་ནག་གི་སྐབས་༡༤ པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་ཐེངས་དང་པོའི་ཐོག་ཏུ་ཚོགས་མི་༢༩༧༧ མཉམ་ཞུགས་བྱས་ཡོད་འདུག་ལ། ཚོགས་ཆེན་དེ་ནི་ལོ་ལྔ་རེའི་རྗེས་སུ་ཐེངས་རེ་འཚོགས་ཀྱི་ཡོད་པ་དང་། ཚོགས་ཐོག་ཏུ་རྒྱ་ནག་གི་ལས་ཁུངས་ཁག་ཅིག་གི་འགོ་ཁྲིད་ཚོ་བསྐོས་བཞག་བྱེད་ཀྱི་ཡོད་པ་བརྟེན། ཚོགས་འདུ་དེ་གལ་ཆེན་བརྩི་བཞིན་ཡོད་འདུག ཐེངས་འདིའི་ཚོགས་ཐོག་ཏུ་ཕྱི་ལོ་༢༠༢༣ ལོའི་ལས་འཆར་གཏན་འབེབས་དང་རྒྱལ་ཁབ་ཀྱི་ལས་ཁུངས་ཁག་ཅིག་གི་འགོ་ཁྲིད་མི་སྣ་བསྐོས་བཞག་བྱེད་རྒྱུ་རེད་འདུག གསར་འགྱུར་བརྒྱུད་ལམ་ཁག་གཅིག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཚོགས་འདུ་དེའི་ཐོག་ཏུ་ཚོགས་བཅར་བ་ཚོ་ལ་གནད་དོན་ཐག་གཅོད་བྱེད་རྒྱུའི་དབང་ཆ་མེད་རབས་དང་། ཚོགས་འདུ་དེ་ནི་ཕྱི་ཚུལ་ཙམ་ཞིག་ཡིན་པས་དེ་ལ་འགྱིག་གི་ཐམ་ཀ་(Rubber stamp) ཞེས་བརྗོད་སྲོལ་ཡོད་པའི་གནས་ཚུལ་སྤེལ་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།