ཨ་རིས་ཐའེ་ཝན་གཞུང་འབྲེལ་ཐོག་ནས་ངོས་འཛིན་བྱེད་པའི་ཕྱོགས་སུ་གོམ་པ་གཅིག་མདུན་དུ་སྤོས་འདུག 

ཊོམ་སྲིད་གཞུང་གི་ལས་ཡུན་རྫོགས་པར་ཉིན་བཅུ་ཙམ་ལས་མེད་པའི་སྐབས་འདིར། ཕྱི་སྲིད་དྲུང་ཆེ་མཱ་ཁི-ཕོམ་ཕོ་ཡིས་ཨ་རི་དང་། ཐའེ་ཝན་གྱི་གཞུང་འབྲེལ་མི་སྣའི་བར་གྱི་འབྲེལ་ལམ་འཛིན་ཕྱོགས་སྐོར་གྱི་བཀག་རྒྱ་རྣམས་མེད་པ་བཟོས་པ་ཡིན་པའི་གསལ་བསྒྲགས་སྤེལ་འདུག 

ཕྱི་སྲིད་དྲུང་ཆེས་བདུན་ཕྲག་གོང་མའི་ཨ་རིའི་རེས་གཟའ་སྤེན་པའི་ཉིན་སྤེལ་བའི་གསལ་བསྒྲགས་དེའི་ཐོག ཁོང་གིས་“འདས་པའི་ལོ་ངོ་བཅུ་ཕྲག་འགའི་རིང་ལ། ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་ང་ཚོའི་ཆབ་སྲིད་པ་དང་། གཞུང་ཞབས། དེ་བཞིན་ལས་བྱེད་གཞན་རྣམས་ཀྱིས་ཐའེ་ཝན་དང་འབྲེལ་ལམ་འཛིན་ཕྱོགས་ཐད་ལ་རྙོག་འཛིང་ཆེ་བའི་བཀག་རྒྱ་མང་པོ་ཞིག་བཞག་ཡོད་”ཅེས་དང་། “ཨ་རིའི་ཕྱོགས་ནས་པེ་ཅིང་གི་དམར་ཤོག་སྲིད་གཞུང་ལ་ངོས་འཛིན་པའི་ཆེད་བྱ་སྤྱོད་དེ་དག་སྤེལ་བ་རེད། ད་ནི་མུ་མཐུད་དེ་ལྟར་བྱེད་རྒྱུ་མིན་”ཞེས་གསུངས་འདུག

ཨ་རིས་ཐའེ་ཝན་དང་འབྲེལ་ལམ་འཛིན་ཕྱོགས་ཐད་ལ་བཞག་པའི་བཀག་རྒྱ་དེ་དག་མེད་པ་བཟོ་དགོས་པའི་རྒྱུ་མཚན་དང་འབྲེལ་བའི་ཐད་ལ་ཁོང་གིས་མུ་མཐུད་གསུངས་དོན། “ང་ཚོའི་མང་གཙོ་གཉིས་ལ་མི་སྒེར་གྱི་རང་དབང་དང་། ཁྲིམས་ཀྱི་སྒྲིག་གཞི། འགྲོ་བ་མིའི་ཆེ་མཐོང་ལ་གུས་བཀུར་ཞུ་བ་བཅས་ཀྱི་ཐུན་མོང་གི་རིན་ཐང་གཅིག་མཚུངས་སུ་ཡོད། དེ་རིང་གི་གསལ་བསྒྲགས་འདིས་ཨ་ཐའེའི་འབྲེལ་ལམ་དེ་རང་ཉིད་ཀྱིས་བཞག་པའི་བཀག་རྒྱ་ཡིས་སྡོམ་དགོས་དོན་མེད་པ་དང་། སྡོམ་མི་ཉན་པར་ངོས་འཛིན་བྱེད་ཀྱི་ཡོད།”

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་གསལ་བསྒྲགས་ཀྱི་ནང་དོན་དང་འབྲེལ་བའི་སྐོར་ལ། རྒྱ་ནག་དང་ཐའེ་ཝན་གྱི་གནད་དོན་ལ་ཉམས་ཞིབ་དང་རྩོམ་ཡིག་མང་པོ་འབྲི་སྤེལ་བྱེད་མྱོང་བའི་ཁྲིམས་ལུགས་སློབ་དཔོན་མེ་གྷི-ལིའུ་སི་(Maggie Lewis)ཡིས། “གསལ་བསྒྲགས་འདིའི་མཚོན་དོན་ད་དུང་ཡང་གསལ་པོ་ཞིག་མིན་ན་ཡང་། དམིགས་ཡུལ་ནི་ཨ་ཐའེའི་གཞུང་འབྲེལ་མ་ཡིན་པའི་འབྲེལ་ལམ་དེ་གཞུང་འབྲེལ་གྱི་འབྲེལ་ལམ་ལྟ་བུ་ཞིག་ཏུ་སྒྱུར་རྒྱུ་ཡིན་པར་མངོན་”ཞེས་བཤད་འདུག

གཞན་ཡང་། མཉམ་འབྲེལ་རྒྱལ་ཁབ་ཏུ་ཡོད་པའི་ཨ་རིའི་སྐུ་ཚབ་ཁེ་ལི-ཁི་ར་ཧྥི་(Kelly Craft)བདུན་ཕྲག་འདིར་ཐའེ་ཝན་དུ་གཟིགས་སྐོར་དུ་ཕེབས་འཆར་ཡོད་པ་དང་། དེ་ནི་ཐའེ་ཝན་༡༩༧༡ ལོར་མཉམ་འབྲེལ་རྒྱལ་ཁབ་ནས་ཕུད་པའི་རྗེས་སུ་ཨ་རིའི་མཉམ་འབྲེལ་རྒྱལ་ཁབ་ཀྱི་སྐུ་ཚབ་ཅིག་ཐའེ་ཝན་ལ་ཕེབས་པ་ཆེས་ཐོག་མ་དེ་ཆགས་རྒྱུ་ཡིན་འདུག 

བཤད་མི་དགོས་པ་ཞིག་ལ། རྒྱ་ནག་ཕྱི་སྲིད་ལས་ཁུངས་ནས་ཨ་རིའི་སྐུ་ཚབ་ཁེ་ལི-ཁི་ར་ཧྥི་ཐའེ་ཝན་དུ་ཕེབས་འཆར་ཡོད་པ་དེ་ནི། “རྒྱ་ནག་གཅིག་གི་སྲིད་བྱུས་རྩིས་མེད་རྡོག་རོལ་བཏང་བ་ཞིག་ཡིན་”ཞེས་སྐྱོན་བརྗོད་དང་ངོ་རྒོལ་བྱས་པ་མ་ཟད། མཱ་ཁི-ཕོམ་ཕོའི་ལ་“ཨ་རྒྱའི་འབྲེལ་ལམ་རྩ་གཏོར་གཏོང་ཆེད། མཇུག་མཐའི་བླུན་རྟགས་དེ་བསྟན་པ་”ཡིན་པའི་ཉེས་འཛུགས་ཀྱང་བྱས་འདུག 

ཡིན་ན་ཡང་། དྲུང་ཆེའི་ལས་ཌ་ཝི་ཌི-སི་ཏི་ཝིལ་(David Stilwell) ཡིས་ཁ་སང་རེས་གཟའ་ཉི་མའི་ཉིན་དཔལ་འབྱོལ་དུས་བབ་(Financial Times) ལ་ཐག་གཅོད་དེ་ནི་སྲིད་གཞུང་གསར་ལ་བསླེབ་ཁར་བྲེལ་འཚུབ་ཀྱིས་བྱས་པ་ཞིག་མ་ཡིན་པར། ཨ་ཐའེའི་འབྲེལ་ལམ་ཡུན་རིང་བསྐྱར་ཞིབ་བྱས་པའི་མཇུག་འབྲས་ཤིག་ཡིན་ཞེས་གསུངས་འདུག 

ཁོང་གིས་ད་དུང་“ང་ཚོས་ཡུན་རིང་ཨ་རྒྱའི་འབྲེལ་ལམ་སྤྱི་ལ་ཡོ་བསྲང་དང་བསྐྱར་བཅོས་བྱེད་པའི་འབད་བརྩོན་བྱས་དང་བྱེད་ཀྱི་ཡོད་ཅིང་། འདི་ནི་དེའི་ཕྱོགས་སུ་སྤོས་པའི་གོམ་པ་ཞིག་ཡིན་”ཞེས་བརྗོད་དེ། བྷ་ཌན་སྲིད་གཞུང་ལ་མུ་མཐུད་སྲིད་བྱུས་དེའི་ཕྱོགས་སུ་སྐྱོད་དགོས་པའི་སྐུལ་མ་བྱས་འདུག 

བདམས་ཐོན་སྲིད་འཛིན་བྷ་ཌན་གྱིས་ཟླ་འདིའི་ཚེས་༢༠ ཉིན་དངོས་སུ་དམ་འབུལ་ཞུ་གཏན་འཁེལ་ཡོད་པ་དང་། འཛམ་གླིང་ཧྲིལ་པོས་ཁོང་གི་སྲིད་གཞུང་གསར་པས་རྒྱ་ནག་གི་ཐད་ལ་སྲིད་བྱུས་ཅི་འདྲ་ཞིག་འཛིན་པ་མཐོང་རྒྱུར་བསྒུགས་ནས་ཡོད། ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།