ཨ་རིས་ཐའེ་ཝན་རང་བཙན་ལ་རྒྱབ་སྐྱོར་མེད་ཅེས་པའི་ཚིག་བརྗོད་ཕྱིར་འཐེན་དང་རྒྱ་ནག་གིས་དེ་ལ་སྐྱོན་བརྗོད་བྱས།
ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲྭ་ཚིགས་སུ་ཐའེ་ཝན་རང་བཙན་ལ་རྒྱབ་སྐྱོར་མེད་ཅེས་པའི་ཚིག་བརྗོད་འདི་ཕྱིར་འཐེན་དང་། རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་ནང་ཐའེ་ཝན་མཉམ་ཞུགས་བྱེད་པར་ཨ་རིས་རྒྱབ་སྐྱོར་མུ་མཐུད་བྱེད་རྒྱུ་ཡིན་ཞེས་གསར་དུ་བཀོད་པར་ཐའེ་ཝན་གྱིས་དགའ་བསུ་ཞུས་པ་དང་། རྒྱ་ནག་གིས་སྐྱོན་བརྗོད་དང་ནོར་འཁྲུལ་ལ་མྱུར་དུ་ཡོ་བསྲང་དགོས་པར་བརྗོད།

ཟླ་འདིའི་ཚེས་༡༧ ཉིན་རྒྱལ་སྤྱིིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། དེ་སྔར་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲྭ་ཚིགས་སུ། ཐའེ་ཝན་རང་བཙན་ལ་རྒྱབ་སྐྱོར་མེད་ཅེས་བཀོད་ཡོད་ཀྱང་། ཟླ་འདིའི་ཚེས་༡༣ ཉིན། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲྭ་ཚིགས་སུ། ཐའེ་ཝན་རང་བཙན་ལ་རྒྱབ་སྐྱོར་མེད་ཅེས་པའི་ཚིག་བརྗོད་ཕྱིར་འཐེན་བྱས་ཡོད་པ་མ་ཟད། ཨ་རིས་ཐའེ་ཝན་རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་ནང་མཉམ་ཞུགས་བྱེད་པར་རྒྱབ་སྐྱོར་མུ་མཐུད་བྱེད་རྒྱུ་ཡིན་སོགས་བཀོད་ཡོད་འདུག
གནས་ཚུལ་དེ་དང་འབྲེལ། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས། ཨ་རི་དང་ཐའེ་ཝན་བར་གཞུང་འབྲེལ་མིན་པའི་འབྲེལ་བའི་སྐོར་མང་ཚོགས་ལ་བརྡ་ལན་སྤྲོད་ཆེད། རྒྱུན་ལྡན་བཞིན་དུས་ཚོད་དང་བསྟུན་ནས་ཚིག་བརྗོད་ལ་བསྐྱར་བཅོས་བྱས་ཡོད་པ་མ་ཟད། ཨ་རིས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་མུ་མཐུད་ཁས་ལེན་བྱེད་བཞིན་ཡོད་ཅེས་དང་། ཨ་རིས་ཐའེ་ཝན་མཚོ་འགག་གི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོབ་བྱེད་རྒྱུ་ལ་ཆོད་སེམས་བརྟན་པོ་ཡོད་པ། རྒྱ་ནག་དང་ཐའེ་ཝན་གཉིས་ནས་ཕྱོགས་གང་རུང་གཅིག་གིས་ད་ལྟའི་ཐའེ་ཝན་གྱི་གནས་བབ་ལ་འགྱུར་བ་བཏང་ན། དེར་ངོ་རྒོལ་ཡོད་ཅེས་བརྗོད་འདུག
རྒྱ་ནག་གཅིག་གི་སྲིད་བྱུས་འོག ཨ་རིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དེ་རྒྱ་ནག་གི་ཁྲིམས་མཐུན་སྲིད་གཞུང་ལ་ངོས་འཛིན་བྱས་ནས་གཞུང་འབྲེལ་འབྲེལ་ལམ་བཙུགས་པ་དང་། ཐའེ་ཝན་དང་ལྷན་དུ་གཞུང་འབྲེལ་མིན་པའི་འབྲེལ་ལམ་འཛིན་བཞིན་ཡོད་འདུག དེ་བཞིནཨ་རིས་རྒྱ་ནག་གི་ལངས་ཕྱོགས་ཏེ། ཐའེ་ཝན་ནི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པ་དེར་ཤེས་རྟོགས་སམ། ངོས་ལེན་(acknowledge) བྱེད་ཀྱི་ཡོད་འདུག ཀྱང་། རྒྱ་ནག་དམར་ཤོག་ཚོགས་པར་ཐའེ་ཝན་དབང་སྒྱུར་བྱེད་པའི་ཐོབ་ཐང་ཡོད་པ་ཁས་ལེན་བྱས་ཡོད་མི་འདུག ད་བར་ཨ་རིས་ཐའེ་ཝན་ཐོག་འཛིན་པའི་ལངས་ཕྱོགས་ལ་གསལ་ཁ་མེད་ཅིང་། ཆབ་སྲིད་ཚོགས་པ་གཉིས་ཀས་ཐའེ་ཝན་ལ་དམག་དོན་རོགས་སྐྱོར་བྱེད་པ་དང་། ཚོང་འབྲེལ་གྱི་འབྲེལ་བ་མུ་མཐུད་རྒྱུན་སྐྱོང་བཞིན་ཡོད་འདུག
རྒྱ་གཞུང་གིས་རྒྱུན་དུ་ཐའེ་ཝན་ནི་ཁ་བྲལ་དུ་མེད་པའི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པ་དང་། དགོས་གལ་བྱུང་ཚེ། དྲག་པོའི་ཐབས་ལམ་བརྒྱུད་ཐའེ་ཝན་ལ་དབང་བསྒྱུར་བྱེད་རྒྱུ་ཡིན་ཞེས་ཁས་ལེན་བྱས་ཡོད་པ་བཞིན། བདུན་འདིའི་རེས་གཟའ་ཟླ་བའི་ཉིན། རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱིས་ཨ་རིས་ཐའེ་ཝན་རང་བཙན་ལ་རྒྱབ་སྐྱོར་མེད་ཅེས་པའི་ཚིག་བརྗོད་ཕྱིར་འཐེན་བྱས་པའི་ནོར་འཁྲུལ་དེ་མྱུར་དུ་ཡོ་བསྲང་བྱེད་དགོས་པའི་རེ་འདུན་བཏོན་ཡོད་པ་མ་ཟད། རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་གོ་ཅ་ཁུན་(Guo Jiakun) གྱིས་གསར་འགོད་ལྷན་ཚོགས་ཐོག ཚིག་བརྗོད་ཕྱིར་འཐེན་བྱས་པ་དེས་ཐའེ་ཝན་རང་བཙན་བ་དང་། རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་ཁ་བྲལ་རིང་ལུགས་པ་ལ་ནོར་འཁྲུལ་ཅན་གྱི་བརྡ་ལན་ལོག་པ་ཞིག་བཏང་ཡོད་ཅེས་དང་། ཨ་རིས་ཐའེ་ཝན་བེད་སྤྱོད་བྱས་ནས་རྒྱ་ནག་ལ་སྟངས་འཛིན་བྱེད་རྒྱུ་དང་། ཐའེ་ཝན་རང་བཙན་ལ་ངོས་ལེན་དང་རྒྱབ་སྐྱོར་བྱེད་མཚམས་འཇོག་དགོས་པ། མཚམས་འཇོག་བྱས་ན་དེས་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་དང་། ཐའེ་ཝན་མཚོ་འགག་གི་ཞི་བདེ་དང་བརྟན་ལྷིང་ལ་ཕན་ཐོགས་ཡོད་པར་བརྗོད་ཅིང་། ཨ་རི་ལ་ཐའེ་ཝན་གྱི་གནད་དོན་ཐོག་ཧ་ཅང་གཟབ་ནན་དགོས་པའི་ཉེན་བརྡ་བཏང་ཡོད་འདུག
གནས་ཚུལ་དབྱེ་ཞིབ་པ་ཚོས། ཐའེ་ཝན་གྱི་གནད་དོན་ནི་རྒྱ་ནག་ལ་མཚོན་ན་དམར་ཐིག་ཅན་ནམ། ཚོར་བ་རྣོ་བའི་གནད་དོན་གལ་ཆེན་ཞིག་ཆགས་ཀྱི་ཡོད་པ་དང་། རྒྱ་ནག་གི་དཔོན་རིགས་ཚོས་ཨ་རིས་ཐའེ་ཝན་ཐོག་འཛིན་པའི་ཕྱི་འབྲེལ་སྲིད་བྱུས་ལ་གཟབ་ནན་གྱིས་དོ་སྣང་བྱེད་བཞིན་ཡོད་པ་དང་། ལྷག་པར་དུ་སྲིད་འཛིན་ཊོམ་གྱི་དུས་ཡུན་གཉིས་པའི་བློན་ཆེན་ལྷན་ཚོགས་ནང་ཨ་རིའི་ཕྱི་སྲིད་དྲུང་ཆེ་གཙོས་པའི་རྒྱ་ནག་ལ་མཁྲེགས་འཛིན་བྱེད་མཁན་མང་པོ་ཞིག་བསྐོས་ཡོད་པ་དང་། ཕྱི་སྲིད་དྲུང་ཆེས་དེ་སྔར་ཨ་རིས་ཐའེ་ཝན་ལ་གོ་མཚོན་མྱུར་ཚོང་བྱེད་རྒྱུ་དང་། ཨ་རི་དང་ཐའེ་ཝན་བར་གྱི་འབྲེལ་ལམ་ཤུགས་ཆེ་རུ་གཏོང་ཐབས་སུ་ཤུགས་སྣོན་བརྒྱབ་ཡོད་པར་བརྗོད་འདུག
ཐའེ་ཝན་རང་བཙན་ལ་རྒྱབ་སྐྱོར་མེད་ཅེས་པའི་ཚིག་བརྗོད་ཕྱིར་འཐེན་བྱས་པའི་གནས་ཚུལ་ད་རེས་ཐེངས་དང་པོ་མ་ཡིན་པར། ཕྱི་ལོ་༢༠༢༢ ལོར་སྲིད་འཛིན་བྷ་ཌན་གྱི་དུས་སྐབས་སུ། ཐའེ་ཝན་རང་བཙན་ལ་རྒྱབ་སྐྱོར་མེད་ཅེས་པའི་ཚིག་བརྗོད་དེ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲྭ་ཚིགས་ནས་ཕྱིར་འཐེན་བྱས་ནས་ཟླ་བ་གཅིག་ཙམ་གྱི་རྗེས་སུ་སླར་ཡང་དྲྭ་ཚིགས་སུ་བཀོད་ཡོད་འདུག
ཐའེ་ཝན་གྱི་ཕྱི་སྲིད་བློན་ཆེན་ལིན་ཁྲ་ལུང་(Lin Chia Lung) གིས་ཚིག་བརྗོད་ཕྱིར་འཐེན་བྱས་པ་དེས་ཨ་རི་དང་ཐའེ་ཝན་དབར་གྱི་འབྲེལ་བར་རྒྱབ་སྐྱོར་དང་བཟང་ཕྱོགས་ཀྱི་ལངས་ཕྱོགས་ཤིག་མཚོན་གྱི་ཡོད་པ་རེད་ཅེས་བརྗོད་ནས་དགའ་བསུ་ཞུས་ཡོད་འདུག
འདས་པའི་ལོ་ངོ་བཅུ་ལྷག་གི་རིང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་སྲིད་དབང་འོག རྒྱ་གཞུང་གིས་ཐའེ་ཝན་རྒྱལ་ཚོགས་ཀྱི་འཕྲོད་བསྟེན་ལྷན་ཁང་གཙོས་པའི་རྒྱལ་སྤྱིའི་སྒྲིག་འཛུགས་གལ་ཆེན་ཁག་གི་ནང་ཞུགས་རྒྱུར་བཀག་འགོག་བྱས་པ་དང་། དཔལ་འབྱོར་དང་དམག་དོན། ཐབས་བྱུས་བཅས་ཀྱི་ཐོག་ནས་ཐའེེ་ཝན་ཁེར་རྐྱང་དུ་འཕུད་ཐབས་བྱེད་བཞིན་ཡོད་འདུག།
ཉེ་བའི་ལོ་ཤས་ནས་རྒྱ་ནག་གིས་ཐའེ་ཝན་གྱི་མཐའ་བསྐོར་དུ་དམག་སྦྱོང་དང་གོ་མཚོན་འགྲེམས་འཇོག་བྱས་ནས་ཐའེ་ཝན་ལ་འཇིགས་སྐུལ་དང་། གནོན་ཤུགས་སྤྲོད་བཞིན་ཡོད་འདུག བདུན་ཕྲག་འདིའི་རེས་གཟའ་ཟླ་བའི་ཉིན། ཐའེ་ཝན་གྱི་རྒྱལ་སྲུང་ལས་ཁུངས་ཀྱིས་རྒྱ་ནག་གི་དམག་གི་གནམ་གྲུ་༤༡ མཚོ་གྲུ་༩ ཐའེ་ཝན་གྱི་མཐའ་བསྐོར་དུ་འགྲེམས་འཇོག་བྱས་ཡོད་པ་ཤེས་རྟོགས་བྱུང་ཡོད་འདུག།།
གསར་འགོད་པ། བློ་བཟང་རྒྱ་མཚོ།