ཨ་རིས་དགུ་པའི་ཚེས་བཅུ་གཅིག་གི་གསང་བའི་ཡིག་ཆ་ཕྱིར་བསྒྲགས་བྱེད་འགོ་བཙུགས་འདུག

ཨ་རིའི་རྒྱལ་ནང་རྟོག་ཞིབ་ལས་ཁང་གིས་དགུ་པའི་ཚེས་བཅུ་གཅིག་ཉིན་གྱི་དྲག་རྒོལ་དང་འབྲེལ་བའི་གསང་བའི་ཡིག་ཆ་ཕྱིར་བསྒྲགས་བྱེད་འགོ་བཙུགས་འདུག་ཀྱང་། ད་ལྟའི་ཆར་ཡིག་ཆ་དེ་དག་ནང་སོ་ཌི་ཨ་རབ་གཞུང་གིས་འཇིགས་སྐུལ་རིང་ལུགས་པར་རྒྱབ་སྐྱོར་བྱས་ཡོད་པའི་གནས་ཚུལ་ཐོན་མེད་འདུག 

ཟླ་༩ པའི་ཚེས་༡༣ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༩ པའི་ཚེས་༡༡ ཉིན་ནི་ཕྱི་ལོ་༢༠༠༡ ལོར་འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་ཨལ་ཁེའུ་ཌའི་ཚོགས་མི་༡༩ ཡིས་ཨ་རིའི་འགྲུལ་པའི་གནམ་གྲུ་བཞི་བཙན་བཟུང་བྱས་ཏེ། འཛམ་གླིང་ཚོང་ལས་བསྟི་གནས་ཁང་སོགས་ལ་དྲག་རྒོལ་བྱས་ཏེ། མི་གྲངས་༣༠༠༠ ལ་ཉེ་བ་བསད་ནས་ལོ་ངོ་༢༠ འཁོར་བའི་དུས་དྲན་ཉིན་མོ་ཡིན་པ་དང་བསྟུན། ཨ་རིའི་རྒྱལ་ནང་རྟོག་ཞིབ་ལས་ཁང་གིས་སྲིད་འཛིན་རྗོ་བྷའེ་ཌན་གྱི་བཀའ་བཏང་བ་ལྟར། དྲག་རྒོལ་དེ་དང་འབྲེལ་བའི་གསང་བ་ཡིག་ཆ་ཤོག་ངོས་༡༦ ཅན་ཞིག་ཕྱིར་བསྒྲགས་བྱས་འདུག འོན་ཀྱང་ཡིག་ཆ་དེ་དག་ནང་གནས་ཚུལ་མང་པོ་ཞིག་ཞིབ་བཤེར་ཤུགས་ཆེན་བྱས་ཡོད་པ་དང་། འབྱུང་འགྱུར་གྱི་ཟླ་བ་དྲུག་གི་རིང་གསང་བའི་ཡིག་ཆ་ཁག་མང་པོ་ཞིག་ཕྱིར་བསྒྲགས་རིམ་པས་བྱེད་འཆར་ཡོད་འདུག 

དེ་སྔོན་གྱི་ཨ་རིའི་སྲིད་འཛིན་བྷུ་ཤེ་དང་ཨོ་བྷ་མ། ཊོམ་བཅས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་ཚབས་བཟོ་ཉེན་ཡོད་སྐོར་བརྗོད་ནས་གསང་བའི་ཡིག་ཆ་དེ་དག་ཕྱིར་བསྒྲགས་བྱས་མེད་པ་རེད། 

༢༠༡༧ ལོར་དྲག་རྒོལ་དེ་ལ་བརྟེན་ནས་གནོད་འཚེ་ཕོག་མཁན་ཚོའི་ནང་མི་རྣམས་ཀྱིས། ཨ་རིའི་ཁྲིམས་ཁང་ཞིག་ཏུ། སོ་ཌི་ཨ་རབ་གཞུང་གིས་རང་ཉིད་ཀྱི་བློན་ཆེན་ལས་ཁང་དང་། ལས་བྱེད། རོགས་སྐྱོར་ཚོགས་པ་སོགས་བརྒྱུད་ནས། འཇིགས་སྐུལ་རིང་ལུགས་པ་ཨལ་ཁེའུ་ཌར་དཔལ་འབྱོར་སོགས་ཀྱི་མཐུན་རྐྱེན་སྦྱར་ཡོད་པའི་ཉེས་འཛུགས་ཁྲིམས་གཏུག་བྱས་ཡོད་འདུག དེ་ཡང་ཉིན་དེའི་དྲག་རྒོལ་སྐབས་གནམ་གྲུ་བཙན་ཁྲིད་བྱེད་མཁན་མི་༡༩ ལས་༡༥ ནི་སོ་ཌི་མི་རིགས་ཡིན་པ་རེད། འོན་ཀྱང་སོ་ཌི་ཨ་རབ་གཞུང་གིས་ད་བར་དུ་ཉེས་འཛུགས་དེར་ངོས་ལེན་ནམ་ཡང་བྱེད་མྱོང་མེད་པ་རེད། 

ཐེངས་འདིར་གསང་བའི་ཡིག་ཆ་ཕྱིར་བསྒྲགས་བྱས་པའི་ནང་དུ། འཇིགས་སྐུལ་རིང་ལུགས་པ་གཉིས་ལ་སྐབས་དེར་ཨ་རིའི་ནང་ཡོད་པའི་སོ་ཌི་ཨ་རབ་ཀྱི་སློབ་མ་ཞིག་གིས་སྡོད་ཁང་དང་འགྲུལ་སྐྱོད་སོགས་ཀྱི་རྒྱབ་སྐྱོར་བྱས་ཡོད་པ་དང་། སློབ་མ་དེ་ནི་སོ་ཌི་ཨ་རབ་གྱི་གཞུང་ཚབ་ཁང་དུ་རྒྱུན་ལྡན་འགྲོ་མཁན་ཞིག་ཡིན་པ། གཞུང་ཚབ་ཁང་དུ་སློབ་མ་དེར་གུས་བརྩི་ཆེན་པོ་བྱེད་ཀྱི་ཡོད་པ། དྲག་རྒོལ་གྱི་ཉིན་མ་སླེབས་པའི་བདུན་ཕྲག་ཁ་ཤས་སྔོན་སློབ་མ་དེ་ཨ་རི་ནས་ཐོན་ཟིན་ཡོད་པའི་གནས་ཚུལ་ཡོད་འདུག འོན་ཀྱང་འཇིགས་སྐུལ་རིང་ལུགས་པར་རྒྱབ་སྐྱོར་བྱེད་མཁན་དེ་སོ་ཌི་ཨ་རབ་གཞུང་ཡིན་པའི་དཔང་རྟགས་སྐོར་གང་ཡང་འཁོད་མེད་པ་རེད་འདུག 

གསང་བའི་ཡིག་ཆ་རྣམས་ཕྱིར་བསྒྲགས་མ་བྱས་པའི་སྔོན་ནས། སོ་ཌི་ཨ་རབ་ཀྱི་གཞུང་ཚབ་ཁང་གིས་བྱེད་ལས་དེར་དགའ་བསུ་ཡོད་པ་དང་། དེ་ལ་བརྟེན་ནས་སླར་ཡང་སོ་ཌི་གཞུང་དང་འཇིགས་སྐུལ་རིང་ལུགས་པར་འབྲེལ་བ་གང་ཡང་མེད་པ་གསལ་སྟོན་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག སྤྱིར་བཏང་སོ་ཌི་ཨ་རབ་ནི་མཚོ་ཁུག་གི་རྒྱལ་ཁབ་སྟོབས་ཆེན་ཞིག་ཡིན་ཁར། ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་གལ་ཆེ་ཤོས་གྲས་ཤིག་ཡིན་པས། ཁག་ཅིག་གིས་ཨ་རིའི་གཞུང་གིས་སོ་ཌི་ཨ་རབ་སྲུང་སྐྱོབ་བྱེད་ཀྱི་ཡོད་པར་འདོད་ཀྱི་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།