ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་བྱས་པར་རྒྱ་ནག་གིས་སྐྱོན་བརྗོད་བྱས་འདུག
རྒྱ་ནག་གིས་ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་བྱས་པ་དེ་ནི། རྒྱལ་ནང་གི་གནད་དོན་ལ་ཐེ་བྱུས་བྱས་པ་ཡིན་པས་ངོས་ལེན་ནམ་ཡང་མེད་སྐོར་བརྗོད་འདུག་པ་དང་། བོད་མིའི་སྲིད་སྐྱོང་གིས་དམིགས་བསལ་འབྲེལ་མཐུད་པར་དགའ་བསུ་ཞུས་ཏེ་མཇལ་འཕྲད་གནང་འདུག
ཟླ་༡༠ པའི་ཚེས་༡༦ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༡༠ ཚེས་༡༤ ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་མེག་པོམ་པེ་ཡིས། ཕྱི་སྲིད་ལས་ཁང་གི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། ངལ་རྩོལ་ལས་དོན་ཚན་པའི་དྲུང་ཆེའི་ལས་རོགས་སྐུ་ཞབས་རོ་བྷེར་ཊི་ཌེ་སི་ཊི་རོ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་གཞག་གནང་བའི་གསར་འགོད་གསལ་བསྒྲགས་སྤེལ་ཡོད་པར། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་མང་པོས་དགའ་བསུ་ཞུས་ཡོད་པ་རེད་དེ། ཚེས་༡༥ ཉིན་རྒྱ་ནག་གི་ཕྱི་སྲིད་ལས་ཁང་མགྲིན་ཚབ་པས། ཨ་རིའི་བྱེད་སྟངས་དེ་ནི་ཆབ་སྲིད་ཀྱི་གཡོ་བྱུས་ཤིག་ཡིན་པ་དང་། བོད་ནང་བརྟན་ལྷིང་མེད་པ་བཟོ་འདོད་ཡོད་པ་ཡིན་སྐོར་གྱི་སྐྱོན་བརྗོད་བྱས་ཡོད་འདུག
དེ་ཡང་རྒྱུན་ལྡན་གྱི་གསར་འགོད་ལྷན་ཚོགས་སྐབས་སུ། རྒྱ་ནག་གི་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་ཀྲའོ་ལི་ཇེན་(Zhao Lijian)གྱིས། ཨ་རིས་བོད་དོན་བེད་སྤྱོད་བྱས་ནས་རྒྱ་ནག་གི་རྒྱལ་ནང་གནད་དོན་ལ་ཐེ་བྱུས་བྱེད་རྒྱུ་དང་། བོད་ནང་གི་འཕེལ་རྒྱས་དང་བརྟན་ལྷིང་ལ་གནོད་སྐྱོན་གཏོང་རྒྱུ་མཚམས་འཇོག་དགོས་སྐོར་བརྗོད་འདུག དེ་བཞིན་ཁོས་“བོད་ནང་དུ་ཡོད་པའི་བོད་མི་གྲངས་ཉུང་མི་རིགས་རྣམས་ཀྱིས་ཆོས་དད་རང་དབང་ཡོངས་སུ་རྫོགས་པ་ལོངས་སྤྱོད་བྱེད་ཐུབ་ཀྱི་ཡོད་པ་རེད་”ཅེས་ཨུ་ཚུགས་བྱས་འདུག་པ་དང་། ཨ་རིས་བོད་དོན་དེ་ཆབ་སྲིད་ཀྱི་གཡོ་བྱུས་ལ་བེད་སྤྱོད་བྱེད་ཀྱི་ཡོད་པའི་ཉེས་འཛུགས་བྱས་འདུག
ཟླ་༡༠ པའི་ཚེས་༡༦ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེའི་ངོ་དེབ་ཐོག་ཏུ། ཨ་རི་གཞུང་གིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་བ་སྐུ་ཞབས་རོ་བྷོར་ཊི་སི་ཊི་རོ་ Robert A. Destro དང་ལྷན་དེ་རིང་ཨ་རི་ཕྱི་སྲིད་ལྷན་ཁང་དུ་མཇལ་འཕྲད་བྱུང་བ་དགའ་ཚོར་ཆེན་པོ་བྱུང་། ལོ་ངོ་བཅུ་ཕྲག་དྲུག་ཙམ་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཨ་རི་ཕྱི་སྲིད་ལྷན་ཁང་ནང་དུ་མགྲོན་འབོད་གནང་བ་ཐེངས་དང་པོ་དེ་ཆགས་ཡོད། ངས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་ཨ་རི་ཕྱི་སྲིད་ལྷན་ཁང་ནས་མང་གཙོ་ལམ་སྲོལ་ཐོག་ནས་འདེམས་ཐོན་བྱུང་བའི་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་ལ་ཆེ་བསྟོད་དང་ངོས་ལེན་གནང་བ་དང་། དེ་བཞིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་མེག་པོམ་པེ་ཡིས་ཐུག་འཕྲད་དེར་བཀའ་ཁྲོལ་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། དེ་རིང་གི་མཇལ་འཕྲད་ནི་ལོ་རྒྱུས་རང་བཞིན་ཅན་ཞིག་ཆགས་ཡོད་ཅེས་བཀོད་འདུག
རྒྱ་ནག་གིས་ད་བར་བོད་དོན་དམིགས་བསལ་འབྲེལ་མཐུད་པ་དང་ཐུག་འཕྲད་བྱེད་རྒྱུར་མོས་མཐུན་བྱེད་ཀྱི་མེད་པ་རེད་འདུག
བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཊོམ་སྲིད་གཞུང་ལ་ཕྱི་ལོ་༢༠༡༧ ལོ་ནས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཞིག་བསྐོ་གཞག་བྱེད་པའི་ཞུ་གཏུག་རིམ་པ་བྱས་ཡོད་ཀྱང་། ད་ཐེངས་མ་གཏོགས་ལས་དོན་དེ་སྒྲུབ་མེད་པ་རེད། །
གསར་འགོད་པ་སྐལ་བཟང་དོན་གྲུབ།