ཨ་རིས་བོད་མི་ཁོ་ན་མ་གཏོགས་རྒྱ་ནག་ལ་༧ཏཱ་ལའི་བླ་མའི་ཡང་སྲིད་འདེམས་བསྐོའི་ཐོབ་ཐང་མེད་ཟེར།

ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་སྐུ་ཚབ་སཱམ-བྷི་རོན་(Samuel Dale Brownback) གྱིས་“ཆོས་ལུགས་ཀྱི་ཚོགས་སྡེ་ཞིག་ལ་སོ་སོའི་དབུ་ཁྲིད་འདེམས་པའི་ཐོབ་ཐང་ཡོད་པ་དེར་ཨ་རིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅིང་། དེའི་ནང་དུ་༧ཏཱ་ལའི་བླ་མའི་ཡང་སྲིད་འདུས་ཡོད་”ཅེས་བརྗོད་དེ་རྒྱ་ནག་གིས་༧སྐུའི་ཡང་སྲིད་ལ་ཐེ་བྱུས་བྱེད་བཞིན་པར་དགག་པ་ཚ་ནན་གནང་འདུག 

ཕྱི་ལོ་༢༠༢༠ ཟླ་༡༡ ཚེས་༡༧ ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་ཆོས་དད་རང་དབང་གོང་མཐོར་གཏོང་ཆེད་རྒྱལ་སྤྱིའི་བློན་ཆེན་རིམ་པའི་ཆོས་དད་རང་དབང་སྐོར་གྱི་ཚོགས་འདུ་ཞིག་དྲ་རྒྱ་བརྒྱུད་དེ་འཚོགས་པའི་ཐོག སྐུ་ཚབ་ཁོང་གིས་རྒྱལ་སྤྱིའི་ཆོས་དད་རང་དབང་དང་འབྲེལ་བའི་ཛ་དྲག་གི་གནད་དོན་འགའི་སྐོར་གསུངས་པ་མ་ཟད། ལྷག་པར་དུ་རྒྱ་ནག་གིས་ཡུ་གུར་གྱི་ཁ་ཆེ་དང་། བོད་ཀྱི་ནང་པ། དེ་བཞིན་ཡེ་ཤུ་དང་། རྩ་རླུང་སྒོམ་སྒྲུབ་ཉམས་ལེན་པ་(Falung Gong) བཅས་ལ་དྲག་གནོན་བྱེད་བཞིན་པའི་གནད་དོན་སྐོར་གླེང་འདུག

ཡུ་གུར་གྱི་དྲག་གནོན་དང་འབྲེལ་བའི་ཐད་ལ། སྐུ་ཚབ་ཁོང་གིས་དེ་ནི་ད་ལྟ་འཛམ་གླིང་ནང་གི་ཆོས་དད་རང་དབང་རྡོག་རོལ་གྱི་གནས་སྟངས་ཆེས་སྡུག་ཤོས་དེ་ཆགས་ཡོད་པ་དང་། རྒྱ་ནག་གིས་ཡུ་གུར་བ་ས་ཡ་གཅིག་ལྷག་བཙོན་སྒར་དུ་འཇུག་པའི་རྒྱུ་མཚན་ནི་དྲག་སྤྱོད་རིང་ལུགས་འགོག་ཆེད་ཡིན་སྐོར་ཤོད་བཞིན་པར་ཕན་འབྲས་ཐོན་མི་སྲིད་སྐོར་བརྗོད་འདུག

ཁོང་གིས་རྒྱ་ནག་གཞུང་ནས་འཕྲུལ་ཆས་བེད་སྤྱོད་བྱས་ཏེ་ཤར་ཏུར་ཀི་སི་ཐན་དུ་དྲག་གནོན་བྱས་པ་ལྟར། བོད་ནང་གི་བོད་མི་ཚོའི་ཆོས་དད་རང་དབང་ཐོག་དྲག་གནོན་བྱེད་བཞིན་ཡོད་པ་དང་། དེ་ལྟ་བུའི་དྲག་གནོན་དེ་འཛམ་གླིང་གི་རྒྱལ་ཁབ་གཞན་ལ་ཁྱབ་ཏུ་མི་འཇུག་པར་ངེས་པར་དུ་བཀག་འགོག་བྱེད་དགོས་ཚུལ་གསུངས་འདུག
རྒྱ་ནག་གིས་ཡང་ནས་བསྐྱར་དུ་༧གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་དང་འདེམས་བསྐོ་བྱེད་པའི་ཐོབ་ཐང་དེ་ཁོ་ཚོ་ལ་ཡོད་སྐོར་ལབ་བཞིན་པའི་ཐད་ལ། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་སྐུ་ཚབ་ཁོང་གིས་༧ཏཱ་ལའི་བླ་མའི་ཡང་སྲིད་སྐོར་གྱི་གནད་དོན་དེ་བོད་ཀྱི་ནང་པ་ཚོ་ཁོ་ནར་འབྲེལ་བ་ཡོད་པ་ཞིག་ཡིན་པ་ལས། རྒྱ་ནག་ལ་གནད་དོན་དེར་ཐེ་བྱུས་བྱེད་པའི་“ཆོས་ལུགས་ཀྱི་གཞི་རྩ་”གང་ཡང་མེད་ཅེས་གསུངས་པའི་ཐོག “བོད་མི་ཚོས་འདས་པའི་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་ལ་སོ་སོའི་བླ་སྤྲུལ་ངོས་འཛིན་གནང་ཐུབ་པ་བྱུང་ཡོད་པས། ད་ལྟ་ཡིན་ནའང་ཁོ་ཚོར་བླ་སྤྲུལ་ངོས་འཛིན་བྱེད་པའི་ཐོབ་ཐང་ཡོད་”ཅེས་བསྣན་པ་མ་ཟད། ཡང་སྲིད་ངོས་འཛིན་གྱི་གནད་དོན་ཐོག་ལ་ཨ་རིས་མུ་མཐུད་རྒྱ་ནག་གི་ཧམ་བཤད་ལ་ཕར་རྒོལ་བྱེད་རྒྱུ་ཡིན་པའི་ནན་བརྗོད་བྱས་འདུག

ན་ནིང་སྐུ་ཞབས་ཁོང་བཞུགས་སྒར་དྷ་སར་ཕེབས་སྐབས། ཁོང་གིས་རྒྱ་ནག་གཞུང་ལ་མི་སྒེར་གྱི་ཐོབ་ཐང་དང་རང་དབང་དུས་རྟག་ཏུ་དང་གནས་ཐམས་ཅད་དུ་བརྩི་སྲུང་བྱེད་དགོས་པ་དང་། བོད་མིས་ངོས་འཛིན་བྱས་པའི་༧པཎ་ཆེན་རིན་པོ་ཆེ་གློད་གྲོལ་དགོས་ཚུལ་སོགས་གསུངས་ཡོད། ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།