ཨ་རིས་བླ་རུང་སྒར་གཏོར་བཤིག་ལ་སེམས་འཚབ་ཡོད་སྐོར་བརྗོད་འདུག

ཨ་རིའི་གཞུང་གི་མགྲིན་ཚབ་པས་རྒྱ་གཞུང་གིས་བླ་རུང་སྒར་གཏོར་བཤིག་མཚམས་འཇོག་བྱེད་པའི་རེ་སྐུལ་བྱས་འདུག

ཟླ་འདིའི་ཚེས་༩ ཉིན་གྱི་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨ་རིའི་གཞུང་གི་མགྲིན་ཚབ་པས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག “རྒྱ་གཞུང་གིས་བླ་རུང་སྒར་གྱི་དབུ་ཁྲིད་ཚོའི་དགོངས་གཞི་ལ་མ་བསྟུན་པར། གཏོར་བཤིག་གི་ལས་འགོ་བཙུགས་པར་སེམས་འཚབ་ཡོད། ང་ཚོས་འབྲེལ་ཡོད་དཔོན་རིགས་ཚོས། ཁུལ་དེར་ཛ་དྲག་གི་གནས་སྟངས་བཟོ་སྲིད་པའི་བྱ་སྤྱོད་དག་མཚམས་འཇོག་བྱེད་པ་དང་། བོད་མི་ཚོའི་ཆོས་ལུགས་རང་དབང་ལ་ཉེན་ཁ་མི་ཡོང་ཆེད་དུ་དགོན་པའི་འགོ་ཁྲིད་ཚོ་དང་གོ་བསྡུར་བྱེད་པའི་རེ་སྐུལ་བྱེད་ཀྱི་ཡོད་”ཅེས་བརྗོད་འདུག

དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཀྱི་རྒྱ་ནག་ཚན་པའི་འགན་འཛིན་གྱིས་ “རྒྱ་གཞུང་གིས་དགོན་པ་སོགས་ཆོས་ཀྱི་ཚོགས་སྡེ་ཁག་གི་རྒྱ་ཁྱོན་ཆེ་ཆུང་ག་འདྲ་དགོས་མིན་ཐག་གཅོད་བྱེད་མི་རུང་བ་དང་། དེ་ལས་མི་མང་རྣམས་ཀྱི་རང་འདོད་ལྟར་ཆོས་ཕྱོགས་ཀྱི་བྱེད་སྒོ་ཐག་གཅོད་བྱེད་པ་དེ་ཆོས་ལུགས་རང་དབང་ཡིན་པ་ཁས་ལེན་བྱེད་དགོས། གལ་ཏེ་རྒྱ་ནག་གཞུང་གིས་བླ་རུང་སྒར་ལ་གྲྭ་བཙུན་མང་དྲགས་པར་ངོས་འཛིན་བྱེད་ཀྱི་ཡོད་ན། བོད་མི་གཞན་དང་ནང་པ་ཚོར་དགོན་པ་མང་པ་རྒྱག་བཅུག་དགོས།”ཞེས་བརྗོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།