ཨ་རིས་མཐུན་གྲོགས་ཚོ་དང་ལྷན་དུ་༢༠༢༢ ལོའི་པེ་ཅིང་རྩེད་འགྲན་ཆེན་མོར་ཇི་ལྟར་མཉམ་ཞུགས་བྱེད་དགོས་མིན་“བསྐྱར་ཞིབ་”བྱེད་བཞིན་ཡོད་འདུག
རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་སྐྱོན་བརྗོད་དང་། ༢༠༢༢ ལོའི་པེ་ཅིང་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོ་བཀག་འགོག་(boycott) དགོས་པའི་ངོ་རྒོལ་ཤུགས་ཆེ་རུ་འགྲོ་བཞིན་པའི་སྐབས་འདིར། ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་མཐུན་གྲོགས་རྒྱལ་ཁབ་ཚོ་དང་ལྷན་དུ་སླེབ་ལ་ཉེ་བའི་རྒྱལ་སྤྱིའི་རྩེད་འགྲན་ཆེན་མོ་དེའི་ནང་དུ་ཇི་ལྟར་མཉམ་ཞུགས་བྱེད་མིན་ཐད་ལ་གྲོས་མོལ་དང་བསྐྱར་ཞིབ་བྱེད་རྒྱུ་ཡིན་སྐོར་བཤད་འདུག
ཕྱི་ཟླ་༤ ཨ་རིའི་ཚེས་༦ རེས་གཟའ་མིག་དམར་ཉིན་འཚོགས་པའི་གསར་འགོད་ལྷན་ཚོགས་ཤིག་གི་ཐོག ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ནེ་ཌི-ཕི་ར་སི་(Ned Price) ཡིས་སླར་ཡང་ཝ་ཤིན་ཏྲོན་སྲིད་གཞུང་ནས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། ལྷག་པར་དུ་ཤིང་ཅང་དུ་ཡུ་གུར་མི་རིགས་རྩ་མེད་གཏོང་བཞིན་པའི་གནས་སྟངས་ལ་སེམས་འཚབ་ཆེན་པོ་བྱེད་བཞིན་ཡོད་སྐོར་གླེང་འདུག
གསར་འགོད་ལྷན་ཚོགས་དེའི་ཐོག ཨ་རིས་མཐུན་གྲོགས་རྒྱལ་ཁབ་ཚོ་དང་ལྷན་དུ་པེ་ཅིང་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོ་བཀག་འགོག་བྱེད་རྒྱུའི་སྐོར་ལ་གྲོས་བསྡུར་བྱེད་ཀྱི་ཡོད་མེད་དྲིས་པར། ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཁོང་གིས་ཐོག་མར་“དེ་ནི་ང་ཚོས་ཏན་ཏན་གྲོས་བསྡུར་བྱེད་འདོད་པའི་གནད་དོན་ཞིག་རེད་”ཅེས་བཤད་ན་ཡང་། རྗེས་སུ་བཀག་འགོག་བྱེད་རྒྱུའི་གནད་དོན་དེའི་སྐོར་དངོས་སུ་གྲོས་མོལ་བྱས་མེད་སྐོར་བརྗོད་འདུག
༢༠༢༢ ལོའི་དགུན་ཁའི་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོ་དེ་༢༠༢༢ ལོའི་ཕྱི་ཟླ་༢ པའི་ནང་འཚོགས་གཏན་འཁེལ་ཡོད་ཅིང་། དེ་ནི་༢༠༠༨ ལོར་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཚོགས་པའི་དབྱར་ཁའི་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོའི་རྗེས་སུ་རྒྱ་ནག་ཏུ་འཚོགས་གཏན་འཁེལ་བའི་རྒྱལ་སྤྱིའི་རྩེད་མོའི་འགྲན་བསྡུར་ཆེ་ཤོས་དེ་ཆགས་ཡོད་འདུག
ལོ་སྔོན་མའི་ཕྱི་ཟླ་༩ པའི་ནང་། བོད་དང་ཡུ་གུར། ལྷོ་སོག ཧོང་ཀོང་། ཐའེ་ཝན་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ལས་འགུལ་ཚོགས་པ་༡༦༠ ཙམ་གྱིས་ཨོ་རྩལ་ལྷན་ཚོགས་ཀྱི་ཚོགས་གཙོ་ཐོ་མཱ་སེ་བྷ་ཆེ་(Thomas Bach) ལ་ཞུ་ཡིག་ཅིག་ཕུལ་ནས་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོའི་ལྟ་བ་ལངས་ཕྱོགས་དང་ཆེ་མཐོང་ལ་མི་གནོད་པའི་ཆེད་༢༠༢༢ ལོའི་པེ་ཅིང་རྩེད་འགྲན་ཆེན་མོ་ཕྱིར་འཐེན་བྱེད་པའི་དགོས་འདུན་བཏོན་པ་ནས་བཟུང་། རྒྱལ་སྤྱིའི་རྩེད་འགྲན་ཆེན་མོ་དེ་བཀག་འགོག་བྱེད་དགོས་པའི་ཞུ་ཡིག་དང་འབོད་སྒྲ་ཉིན་རེ་བཞིན་ཤུགས་ཆེ་རུ་འགྱུར་བཞིན་ཡོད།
ཟླ་སྔོན་མའི་ཚེས་༡༥ ནས་ཚེས་༢༧ བར་དུ་འཚོགས་པའི་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༡༠ པའི་ཐོག ༢༠༢༢ ལོའི་ཨ་ལིམ་ཕིག་རྩེད་འགྲན་ཆེན་མོ་བཀག་འགོག་དང་། དེར་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་ནས་འཛམ་གླིང་ཡོངས་ཁྱབ་ཀྱི་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་གལ་ཆེ་བའི་གྲོས་ཆོད་ཅིག་ཀྱང་བཞག་ཡོད།
ཨ་རི་དང་ཨུ་རུ་སུའི་གྲང་དམག་ཛ་དྲག་པའི་སྐབས། ཨ་རིས་༡༩༨༠ ལོར་ཨུ་རུ་སུའི་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོ་བཀག་འགོག་བྱས་ཡོད་པ་དང་། ད་ལྟ་རྒྱལ་སྤྱིའི་འབྲེལ་ལམ་ཉམས་ཞིབ་པ་མི་ཉུང་བ་ཞིག་གིས་ཨ་རྒྱའི་བར་དུ་གྲང་དམག་གི་འགོ་ཚུགས་ཟིན་ཚུལ་བརྗོད་ཀྱི་ཡོད་སྟབས། ཨ་རིས་མཐུན་ཕྱོགས་རྒྱལ་ཁབ་ཚོ་དང་གྲོས་བསྡུར་བྱས་ཏེ་ ༢༠༢༢ ལོའི་པེ་ཅིང་རྩེད་འགྲན་ཆེན་མོ་བཀག་འགོག་བྱེད་མི་སྲིད་པ་རེད་མི་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།